བཞུགས་སྒར་དུ་རྒྱ་ནག་ནང་དམངས་གཙོ་དང་རང་དབང་ཆེད་ལས་འགུལ་སྤེལ་བཞིན་པར། རྒྱ་ནག་མི་དམངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་གནང་ཡོད་པ།

བཙན་བྱོལ་བོད་མིའི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པ། བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་བཞི་ནས་གོ་སྒྲིག་གནང་སྟེ། སྤྱི་ཟླ་༡༢པའི་ཚེས་༧ཉིན་། རྒྱ་ནག་ནང་དམངས་གཙོ་དང་རང་དབང་གི་ཆེད། རྒྱ་ནག་དམར་ཤོག་གཞུང་ལ་རྒྱ་ནག་མི་དམངས་ཀྱིས་ཞི་རྒོལ་ལས་འགུལ་སྤེལ་བཞིན་པ་དང་ཆབས་ཅིག། རྒྱ་ནག་སྲིད་འཛིན་ཞི་ཅིན་ཕེན་སྲིད་སྟེགས་ནས་ཕབ་དགོས་པ་སོགས་ཀྱི་དགོས་འདུན་ཤུགས་ཆེར་འདོན་བཞིན་པར། གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཅིག། ཤོག་བུ་དཀར་པོ་སྟོང་པ་རེ་ལག་ཏུ་བཟུང་ནས་སྤེལ་ཡོད་ཅིང་། རྒྱ་གར་ནང་གི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རིག་འཛིན་ཆོས་སྒྲོན་ལགས་ནས། སྤྱི་ལོ་༡༩༨༩ལོའི་གནམ་བདེ་སྒོ་མོའི་ལས་འགུལ་གྱི་རྗེས་ནས་རྒྱ་ནག་དམར་གཞུང་དང་སྲིད་འཛིན་ངོས་ལེན་མེད་པའི་ལས་འགུལ་ཆེ་ཤོས་ཤིག་ད་ལྟ་རྒྱ་ནག་ནང་ཡོང་བཞིན་པར་བརྟེན། ང་ཚོས་དེ་ལ་རྒྱབ་སྐྱོར་གྱི་རྣམ་པ་དང་རྒྱལ་སྤྱིའི་ནང་གོ་རྟོགས་སྤེལ་གྱི་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་ནང་དམངས་གཙོ་དང་སྨྲ་བརྗོད་རང་དབང་། འགྲོ་བ་མིའི་ཐོབ་ཐང་སོགས་ཅི་ཡང་མེད་ནའང་། གང་ཡང་བཤད་རྒྱུའི་ཐོབ་ཐང་མེད་པས་ཤོག་བུ་དཀར་པོ་དེའི་ནང་བཤད་འདོད་པ་ཡོད་ཚད་ཚུད་པ་གསལ་སྟོན་གནང་གི་ཡོད་པར།ལས་འགུལ་དེ་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེ་ཞིག་ཡིན་པ་མ་ཟད། རྒྱ་ནག་ཏུ་སློབ་ཆེན་གྲགས་ཅན་མང་པོ་ཞིག་གི་གཞོན་སྐྱེས་ཚོ་མདུན་ལ་ཐོན་ཏེ། ངོ་རྒོལ་ལས་འགུལ་སྤེལ་བཞིན་པ་དེས་ཞི་ཅིན་ཕེན་གྱི་སྲིད་དབང་ལ་ཉེན་ཁ་ཡོད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པ་དང་གཞུང་གཉིས་ཀ་དུས་ཡུན་ཅི་ཙམ་གནས་ཐུབ་མིན་ཐེ་ཚོམ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
ཡང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་དོན་གྲུབ་ལགས་ནས། རྒྱ་ནག་ནང་ཡོང་བཞིན་པའི་ཞི་རྒོལ་དེ་རྒྱ་ནག་མི་མང་གིས་དམངས་གཙོ་ལ་འདུན་པ་དང་། སོ་སོའི་མི་རིགས་ཀྱི་དམར་གཞུང་ལ་འཐབ་རྩོད་མུ་མཐུད་བཞིན་པའི་རྣམ་པ་གསལ་སྟོན་ཞིག་ཡིན་པ་དང་། ང་ཚོའི་ལས་འགུལ་འདིས་རྒྱ་ནག་མི་མང་ལ་གདུང་སེམས་མཉམ་བསྐྱེད་དང་། བཙན་བྱོལ་བོད་མི་ཚོས་ཁོང་ཚོར་རྒྱབ་སྐྱོར་གྱི་རྣམ་པ་སྟོན་ཆེད་ཡིན་ཞེས་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་ནང་གི་མི་མང་ལ་གདུང་སེམས་བསྐྱེད་ཀྱི་ལས་འགུལ་དེ་སྤེལ་མཁན། བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་བཞི་ནི། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བོད་ཀྱི་བུད་མེད་ལྷན་ཚོགས་བཅས་ཡིན་པ་མ་ཟད། ཨོ་སི་ཁྲི་ར་ལི་ཡ་ནང་གི་ཆབ་སྲིད་ལས་འགུལ་བ་Drew Pavlouལགས་ཀྱང་ལྷན་ཞུགས་གནང་ཡོད་པ་རེད། ཡང་ཉེ་བའི་ཆར་ནས་རྒྱ་ནག་གཞུང་གིས་རྒྱ་ནག་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་ཡམས་གཙང་སེལ་དང་འབྲེལ་བའི་དམ་དྲག་ཅུང་གུ་ཡངས་ཀྱི་རྣམ་པ་བསྟན་གྱི་ཡོད་ནའང་། ཤར་ཏུར་ཀི་སི་ཐན་ནང་ཁང་བརྩེགས་ཤིག་ལ་མེ་སྐྱོན་གྱིས་མི་ཤི་རྐྱེན་ཆག་བྱུང་བ་ནས་བཟུང་། རྒྱ་ནག་གི་ས་གནས་གང་ས་རུ་རྒྱ་ནག་གཞུང་ལ་རྒྱ་མི་རིགས་གཙོས་པའི་མི་རིགས་འདྲ་མིན་གྱིས་ངོ་རྒོལ་ལས་འགུལ་མུ་མཐུད་དུ་སྤེལ་བཞིན་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།