རྔ་བ་ནས་སླར་ཡང་ངོ་རྒོལ་སྐད་འབོད་ཁྲོམ་སྐོར་གནང་འདུག
2015.09.10

མདོ་སྨད་རྔ་བ་རྫོང་མཁར་ནས་དགེ་འདུན་པ་ཞིག་གིས་སླར་ཡང་བོད་ལ་རང་དབང་དགོས་བའི་བོད་དོན་སྐད་འབོད་གནང་རྗེས་འཇུ་བཟུང་བྱས་འདུག
འདི་ག་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་སྤྱི་ཟླ་༩པའི་ཚེས་༡༠ཉིན། མདོ་སྨད་རྔ་བ་རྫོང་གི་ཁྲོམ་གཞུང་དུ་དགེ་འདུན་པ་ཞིག་གིས་རྔ་བ་རྫོང་ཐོག་ཏུ་བོད་ལ་རང་དབང་དགོས་ཞེས་བོད་དོན་སྐད་འབོད་དང་ཁྲོམ་སྐོར་གནང་ཡོད་པ་དང་། ཁྲོམ་སྐོར་གོམ་བགྲོད་བྱས་ནས་རིང་བོ་མ་སོང་བར་རྒྱ་ནག་གི་ཉེན་རྟོག་པས་བཙན་གྱིས་འཛིན་བཟུང་བྱས་ཡོད་འདུག དེའི་ཐད་བོད་ནང་གི་བོད་མི་ཞིག་གིས་བརྗོད་དོན། སྐབས་དེར་རྫོང་ཐོག་གི་བོད་མི་མང་པོས་དགེ་འདུན་པ་དེའི་སྐད་འབོད་ཁྲོམ་སྐོར་གནང་བཞིན་པ་མཐོང་བ་དང་ཀི་སྒྲ་སྒྲོག་བཞིན་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་བསྟན་ཡོད་པ་དང་། དགེ་འདུན་པ་དེ་སུ་ཡིན་སོགས་གནས་ཚུལ་ཁ་གསལ་ཤེས་རྟོགས་མ་བྱུང་ཅེས་ངོ་སྤྲོད་གནང་བྱུང་།
དེའི་ཐད་འདི་ག་རླུང་འཕྲིན་ཁང་གིས་བོད་ནང་འདྲི་རྩད་བྱས་སྐབས། བོད་མི་བློ་ཡི་ཟེར་བ་ཞིག་གིས། གནས་ཚུལ་དེ་བདེན་པ་རེད། སྐད་འབོད་ཁྲོམ་སྐོར་གནང་མཁན་དགེ་འདུན་པ་ཁོང་ནི་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་ཨ་གྲགས་སམ་བློ་བཟང་གྲགས་པ་ལགས་ཡིན་པ་དང་། ཁོང་ནི་ཕ་འཛམ་པ་དང་མ་རིགས་ཁོ་གཉིས་ཀྱི་བུ་ཡིན་པར་ཕ་ཡུལ་རྔ་བ་རྫོང་སོ་རུ་མ་ཡུལ་ཚོ་ནས་ཡིན་པར་ད་ལོ་དགུང་ལོ་༢༠གཡས་གཡོན་ཙམ་རེད། ད་ལྟ་རྒྱ་ནག་གི་ས་གནས་སུ་དམ་དྲག་དང་རྔ་བ་རྫོང་གི་དྲ་སྒོ་ཡོངས་སུ་རྒྱབ་ནས་ཕྱི་ནང་ལ་འབྲེལ་བ་བྱེད་མི་ཐུབ་པར་བཟོས་ཡོད་པ་ངོ་སྤྲོད་གནང་བྱུང་།
ད་དུང་འཇུ་བཟུང་སྐབས་ས་གནས་བོད་མི་དང་ཉེན་རྟོག་པའི་བར་གདོང་ཐུག་བྱུང་ཡོད་པའི་གནས་ཚུལ་ཞིག་ཀྱང་གོ་རྒྱུ་འདུག་ཀྱང་ཁ་གསལ་ཤེས་རྟོགས་དཀའ་བའི་གནས་སུ་འདུག
ཁེ་ཉིན་སྤྱི་ཟླ་༩པའི་ཚེས་༧་ཉིན་དགེ་འདུན་པ་བློ་བཟང་སྐལ་བཟང་དང་། ཚེས༩ཉིན་འཇམ་དཔལ་རྒྱ་མཚོ་ལགས་གཉིས་ཀྱིས་སོ་སོར་ལག་གཉིས་ཀྱིས་༧གོང་ས་མཆོག་གི་སྐུ་པར་ཞིག་མཐོན་པོར་བཏེགས་བཞིན། རྔ་པ་རྫོང་ཐོག་ཏུ་བོད་ལ་རང་དབང་དགོས་ཞེས་བོད་དོན་སྐད་འབོད་གནང་རྗེས། རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་དེ་ནས་གནས་སྟངས་གསལ་བོ་མེད་ པར་གྱུར་ཡོད་པ་དང་། ཟླ་བ་འདིའི་ནང་རྔ་བ་ཕྱོགས་སུ་བསྟུད་མར་བོད་མིས་བོད་དོན་སྐད་འབོད་ཁྲོམ་སྐོར་གྱི་གནས་ཚུལ་བྱུང་ཐེངས་བཞི་པ་ཡིན་པ་རེད།
དེ་རིང་གི་གནས་ཚུལ་ཐད་བོད་ནང་གི་བོད་མི་གཞན་པར་སྐད་ཆ་འདྲི་ཐབས་བྱས་ཀྱང་། མང་པོ་ཞིག་གིས་གོ་ཐོས་བྱུང་བ་ཙམ་ལས་གསལ་བོ་གང་ཡང་བཤད་རྒྱུ་མེད་པ་ངོ་སྤྲོད་ བྱེད་བཞིན་འདུག
ཡང་ཚེས་༡༡ཉིན་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་བཏང་བ་ལྟར་ན། སྤྱི་ཚེས་༡༠ཉིན་དགེ་འདུན་པ་ཨ་གྲགས་ལགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་རྗེས་འཇུ་བཟུང་བྱས་བ་མ་ཟད། ཉིན་དེར་ད་དུང་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༦པ་ཙམ་ལ་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་། རང་ལོ་༢༢ ཡིན་པ་ཁོས་ཡང་༼བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་༽ཅེས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱེད་བཞིན་རྔ་པ་རྫོང་མཁར་གྱི་གཞུང་ལམ་དུ་ཞི་བའི་གོམ་བགྲོད་བྱས་འདུག་པར་དེ་མ་ཐག་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པས་རྗེས་ཀྱི་གནས་ཚུལ་ཤེས་རྟོགས་མ་ཐུབ་ཅེས་དང་།
གོང་གི་གྲྭ་བློ་བཟང་ལགས་ནི་རྔ་པ་རྫོང་ཕྱུགས་ལས་འགབ་མའི་ཕ་སྒ་ཚེ་དང་མ་གནས་སྐྱིད་གཉིས་ལ་བུ་བུ་མོ་ལྔ་ལྷག་ཡོད་པའི་ནང་གི་བཞི་པ་ཡིན་ཞིང་། ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ་དེང་སྐབས་བློ་རིག་འཛིན་གྲྭ་ཡིན་འདུག
ད་དུང་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་བཏང་བའི་གནས་ཚུལ་ནང་། གནས་ཚུལ་ཡོང་ཁུངས་ནས་བརྗོད་པར་མི་སྐྱ་སྐོར་ཞིག་གིས་ཀྱང་ཁ་སང་བོད་ནང་གི་ཉིན་གུང་ཙམ་ལ་རྔ་པ་རྫོང་མཁར་གྱི་ཁྲོམ་གཞུང་དུ་ངོ་རྒོལ་སྐད་འབོད་བྱེད་བཞིན་ཞི་བའི་གོམ་བགྲོད་བྱས་ཡོད་པའི་གནས་ཚུལ་འདུག་ཀྱང་ཞིབ་ཕྲ་ཤེས་རྟོགས་མ་བྱུང་བ་དང་། ཁ་སང་བོད་ནང་གི་ཉིན་གུང་ཙམ་ནས་མི་སྒེར་གྱིས་བེད་སྤྱོད་བྱེད་བཞིན་པའི་དྲ་ལམ་ཡོངས་རྫོགས་བཅད་ཅིང་། ཁྲོམ་གཞུང་དང་ལམ་གྱི་བཞི་མདོ་ཁག་ལ་ཉེན་རྟོག་པའི་སྤྱི་སྤྱོད་རླངས་འཁོར་དང་རླངས་འཁོར་ཆུང་བ་མང་རུ་བཏང་ནས་ཉེན་རྟོག་པ་ཁ་སྣོན་བྱས་ཡོད་པ་སོགས་དམ་བསྒྲགས་བྱེད་ཤུགས་ཇེ་ཆེར་བཏང་ཡོད་པ་བཅས་འཁོད་འདུག
གསར་འགོད་པ་ཀླུ་འབུམ།