བསོད་ནམས་སྟོབས་རྒྱལ་གྱིས་རང་ལུས་མེར་བསྲེགས་བཏང་བ།
2015.07.10
སྐྱེ་རྒུ་མདོར་རང་ལུས་མེར་བསྲེགས་བཏང་མཁན་དགེ་འདུན་པ་བསོད་ནམས་སྟོབས་རྒྱལ་ལགས་ནི་དཀར་མཛེས་རྫོང་གསར་དགོན་པའི་གྲྭ་བ་ཡིན་འདུག
དེ་ཡང་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བར་ལྟར་ན། སྤྱི་ལོ་༢༠༡༥སྤྱི་ཟླ་༧པའི་ཚེས་༩ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དྲུག་བདུན་ཡས་མས་སུ། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སྐྱེ་རྒུ་མདོ་གྲོང་ཁྱེར་གྱི་གེ་སར་མདུན་ཐང་གི་གཡས་ཕྱོགས་སུ་ཡོད་པའི་ཡུལ་ཤུལ་གྲོང་ཁྱེར་ཀྱི་ཚོང་རྭ་ཆེན་པོའི་མདུན་དུ་རང་ལུས་མེར་སྲེག་བཏང་མཁན་ནི་དགེ་འདུན་པ་བསོད་ནམས་སྟོབས་རྒྱལ་ལགས་ཡིན་པ་དང་། ཁོང་ནི་དཀར་མཛེས་ཁུལ་སྡེ་དགེ་རྫོང་རྫོང་གསར་དགོན་པའི་གྲྭ་བ་དང་། སྐྱེ་རྒུ་མདོ་རུ་ཧ་ཅང་སྐད་གྲགས་ཆེ་བའི་ཚོང་པ་ནང་ཆེན་བཀྲ་ཤིས་ཀྱི་བུ་ཡིན་འདུག ཁོང་ལོ་ཉི་ཤུ་རྩ་ལྔ་ནས་གསུམ་བཅུའི་བར་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།
ས་གནས་ནས་གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་བྱས་པར་གཞིགས་ན། དེ་སྔོན་སྤྱི་ལོ་༢༠༡༠་ལོའི་ཟླ་༤་པའི་ཚེས་༡༠་ཉིན་སྐྱེ་རྒུ་མདོར་ས་འགུལ་བརྒྱབ་རྗེས་བསོད་ནམས་སྟོབས་རྒྱལ་ཚང་གི་སྡོད་ཁང་དང་། ཚོང་ཁང་། མགྲོན་ཁང་སོགས་ལ་གནོད་སྐྱོན་ཐེབས་མེད་ནའང་། སྤྱི་ལོ་༢༠༡༢་ལོའི་ཟླ་༩་བའི་ནང་ས་གནས་རྒྱ་ནག་གཞུང་གིས་གྲོང་ཁྱེར་གསར་བརྒྱབ་དགོས་པའི་རྒྱུ་མཚན་འོག་ཁོང་ཚང་གི་ས་ཁང་ཆ་ཚང་འདེད་འཁོར་གྱིས་དེད་ནས་ཤུལ་མེད་བཟོས་ཡོད་འདུག་པར་མ་ཟད། བསོད་ནམས་སྟོབས་རྒྱལ་ཁོང་ཐེ་བའི་ཨ་མ་བོད་བདེ་དང་། སྲིང་མོ། དེ་མིན་ཁོང་གི་བུ་སྤུན་ཡ་ཅིག་བཅས་ཁྱོན་མི་བཞི་པོ་མཚན་མོ་གཅིག་ལ་འཇུ་བཟུང་བྱས་པའི་གནས་ཚུལ་ཡང་བྱུང་འདུག་ལ། ཁོང་གི་ཨ་ཕ་ནང་ཆེན་བཀྲ་ཤིས་ཀྱང་ཟླ་ཁ་ཤས་རིང་འཇུ་བཟུང་བྱས་ནས་སྡུག་སྤྱོང་མནར་གཅོད་ཚད་མེད་བཏང་རྗེས་གློད་གྲོལ་བཏང་ཡོད་འདུག ནང་ཆེན་བཀྲ་ཤིས་ནི་ས་གནས་སུ་སྐད་གྲགས་ཅན་གྱི་ཚོང་པ་ཞིག་ཡིན་པ་མ་ཟད། བོད་མི་རིགས་ཀྱི་རིག་གནས་དང་། ཆོས་དང་སྐད་ཡིག་ཐད་ལ་དར་སྤེལ་གང་ཐུབ་བཏང་ཐབས་བྱེད་མཁན་དང་། ཉམས་ཐག་དབུལ་པོ་ལ་འཚོ་བའི་ཁ་གསབ་རོགས་རམ་བྱེད་མཁན། དེ་བཞིན་སློབ་མ་ཁག་ཅིག་ལ་ཡང་སློབ་ཡོན་སྦྱོར་སྤྲོད་གནང་མཁན་ཞིག་ཀྱང་ཡིན་འདུག
ས་གནས་བོད་མི་མང་པོས། བསོད་ནམས་སྟོབས་རྒྱལ་ཀྱིས་ད་རེས་མི་འདུ་ཚོགས་ཆེན་པོ་བྱེད་སའི་སྐྱེ་རྒུ་མདོའི་ཁྲོམ་གཞུང་དུ་རང་ལུས་མེར་བསྲེགས་བྱས་དོན་ནི་ཁོང་དང་ཁོང་གི་ནང་མིའི་ཐོག་དེ་སྔོན་རྒྱ་གཞུང་གི་བཙན་གནོན་འོག་ས་གཞིས་བཙན་འཕྲོག་བྱས་པ་དང་། འཛིན་བཟུང་བཙོན་འཇུག་བྱས་པ་སོགས་ཀྱིས་རྐྱེན་པས་སྡུག་བསྔལ་མྱངས་དང་མྱོང་བཞིན་པ་དེ་དག་ཕྱིར་གསལ་བཏོན་ཆེད་དུ་རེད་ཅེས་བཤད་བཞིན་པ་རེད། ཁོང་ལུས་པོ་མེར་ཚིག་སྟངས་ལ་བལྟས་པ་ཡིན་ན། ཕལ་ཆེར་གསོན་པའི་རེ་བ་དེ་ཙམ་མེད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག
བསོད་ནམས་སྟོབས་རྒྱལ་གྱིས་རང་ལུས་མེར་བསྲེགས་བཏང་རྗེས་ས་གནས་སུ་དམིགས་བསལ་ཉེན་རྟོག་པ་དང་། མཚོན་ཆ་ཐོགས་པའི་དྲག་ཆས་དམག་མི་སོགས་ནས་ཁྲོམ་ཡོངས་རྫོགས་བསྐོར་ཏེ་མི་དམངས་འདུ་ཚོགས་ཁ་ཐོར་བཏང་བ་དང་། དོན་རྐྱེན་བྱུང་སར་མི་དམངས་ཚོ་ཡོང་བཅུག་གི་མེད་པ་རེད་འདུག དེ་བཞིན་དུ་མགྲོན་ཁང་ཆེན་པོ་ཁག་ཅིག་དང་། སྨན་ཁང་བཅས་སུ་མ་གཏོགས་ཁ་པར་དང་དྲ་རྒྱ་བརྡ་རྟགས་སོགས་འབྲེལ་མཐུད་ཡོངས་རྫོགས་བཀག་ཡོད་འདུག
གསར་འགོད་པ་གུ་རུ་ཆོས་སྐྱིད།
2015-07-09
མདོ་ཁམས་སྐྱེ་རྒུ་མདོ་གྲོང་ཁྱེར་གྱི་གེ་སེར་མདུན་ཐང་དུ་བོད་པའི་དགེ་འདུན་པ་ཞིག་གིས་རང་ལུས་མེར་བསྲེགས་བཏང་གནང་ཡོད་པ་རེད།
དེ་ཡང་འདི་ག་རླུང་འཕྲིན་ཁང་ནས་བོད་ཀྱི་ས་ཁུལ་དེའི་ནང་འབྲེལ་བ་ཡོད་པ་ཕྱིར་སྡོད་བོད་མི་ཞིག་ལ་འབྲེལ་བ་བྱས་པར་ཁོང་གིས། གནས་ཚུལ་དེ་བདེན་པ་རེད། ཕྱི་ཟླ་༧ཚེས་༩ཉིན་རྒྱབ་ཆུ་ཚོད་ལྔ་པ་དང་དྲུག་པའི་གཡས་གཡོན་ཞིག་ལ་བོད་མི་དགེ་འདུན་པ་ཞིག་གིས་སྐྱེ་རྒུ་གྲོང་ཁྱེར་གྱི་གེ་སར་མདུན་ཐང་དུ་སྐུ་ལུས་མེར་བསྲེགས་བཏང་འདུག་ཅེས་དང་། འོན་ཀྱང་ཁོང་གི་མིང་དང་དགོན་པ་སོགས་གང་ནས་ཡིན་མིན་གནས་སྐབས་གསལ་རྟོགས་མེད་པ་འགྲེལ་བརྗོད་གནང་ཡོད་པ་རེད།
ད་དུང་གནས་ཚུལ་མཁོ་སྤྲོད་པ་དེས་གསུངས་ན། སྐུ་ལུས་མེར་བསྲེགས་བཏང་མཁན་དགེ་འདུན་པ་དེ་སྨན་ཁང་དུ་འོར་འདྲེན་བྱས་ཡོད་པ་ལས་རྒྱ་མིའི་ཉེན་རྟོག་པའི་ལག་ཏུ་ཐོབ་མེད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག
གོང་གི་ཁམས་སྐྱེ་རྒུ་མདོར་སྐུ་ལུས་མེར་བསྲེགས་བཏང་མཁན་ཁོང་ནི་ཕྱི་ལོ་༢༠༡༥ལོ་འདིའི་ནང་བོད་མི་སྐུ་ལུས་མེར་བསྲེགས་བཏང་མཁན་དྲུག་པ་དང་། ཕྱི་ལོ་ ༢༠༠༩ནས་ལོ་ནས་ད་བར་བོད་མི་རང་ལུས་མེར་བསྲེགས་བཏང་མཁན་༡༤༢པ་དེ་ཡིན་པ་རེད།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལྡན་བློ་གྲོས།