རྒྱ་གར་གཞུང་འཛིན་ཚོཌ་པས་འོས་བསྡུའི་རྒྱབ་སྐྱོར་ལས་འགུལ།
2009.04.14
༄༅༎དེ་རིང་རྒྱ་གར་གྱི་ནུབ་ཕྱོགས་གྲོང་གསེབ་ས་ཁུལ་དུ་རྒྱ་གར་གྱི་གཞུང་འཛིན་ཀོང་རེ་སི་ཚོགས་པའི་དབུ་ཁྲིད་ལྕམ་སོ་ནི་ཡ་གན་རྡི་འོས་བསྡུའི་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་བར་ཕེབས་ཏེ་གྲོང་གསེབ་ས་ཁུལ་དེའི་ནང་དུ་མི་དམངས་འདུ་འཛོམས་ཆེན་པོ་བྱུང་ཡོད་པ་དང་ཁོང་གི་ངོས་ནས་ཀྱང་ཀོང་རེ་སི་ཚོགས་པ་མུ་མཐུད་གཞུང་འཛིན་གྱི་རྒྱལ་ཁ་ཐོབ་པའི་འབད་བརྩོན་དང་ཐུགས་རེ་ཆེན་པོ་གནང་གི་ཡོད་པ་རེད།
དགུང་གྲངས་དྲུག་ཅུ་རེ་གཉིས་ལ་ཕེབས་པའི་ལྕམ་སོ་ནི་ཡ་གན་རྡི་ནི་རྒྱ་གར་རྒྱལ་ཁབ་ནང་ཆབ་སྲིད་ཀྱི་ཤུགས་རྐྱེན་དང་དབང་ཤུགས་ལྡན་པའི་སྲིད་དོན་མི་སྣ་ཞིག་ཏུ་གྱུར་ཏེ་ཕྱི་ལོ་ཉིས་སྟོང་བཞི་ལོར་ཁོང་གིས་དཀའ་ངལ་འཛེམས་མེད་ཀྱི་སྒོ་ནས་ཁོང་གི་ཀོང་རེ་སི་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་རྒྱུའི་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་བ་བརྒྱུད་སྦི་ཇེ་པི་ཚོགས་པ་ཕམ་ཉེས་བཏང་སྟེ་ཀོང་རེ་སི་ཚོགས་པར་རྒྱལ་ཁ་ཐོབ་པར་བརྟེན་དེང་སྐབས་ཁོང་རྒྱ་གར་གྱི་གྲོང་གསེབ་ས་ཁུལ་ཁག་ཏུ་རྒྱལ་ཡོངས་འོས་བསྡུའི་རྒྱལ་ཁ་མུ་མཐུད་ཀོང་རེ་སི་ཚོགས་པར་འཐོབ་རྒྱུ་དང་ཚོགས་པ་དེ་མུ་མཐུད་ནས་འཚོ་གནས་ཐུབ་ཐབས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད། གནས་ཚུལ་དབྱེ་ཞིབ་པ་ཚོས་ཀྱང་ལྕམ་སོ་ནི་ཡ་གན་རྡི་མཆོག་མུ་མཐུད་ཀོང་རེ་སི་ཚོགས་པའི་ནང་དོན་དངོས་ཀྱི་དབང་ཤུགས་གནས་ཡོད་པ་ངོས་འཛིན་བྱེད་པ་དང་དེ་རིང་ཁོང་རྒྱ་གར་ནུབ་ཕྱོགས་མ་ཧ་རཤི་ཏྲ་མངའ་སྡེའི་ས་ཀོ་ལི་ཞེས་པའི་གྲོང་གསེབ་ས་ཁུལ་དུ་འོས་བསྡུའི་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་བར་ཕེབས་པའི་སྐབས་ཕྱོགས་འགལ་སྦི་ཇེ་པི་ཚོགས་པར་སྐྱོན་བརྗོད་ཀྱི་གཏམ་བཤད་གནང་ཡོད་པ་རེད།