རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཁག་གི་སྤྱི་ཁྱབ་ནས་གསུང་བཤད།

བཀྲིས་ཕུན་ཚོགས་ལགས་རྒྱ་གར་རྒྱལ་ཡོངས་བདེ་འཇགས་གོང་བུ་གཅིག་འགྱུར་གྱི་གླེང་སྟེགས་ཚོགས་འདུར་ཆེད་ཕེབས།

2012.02.28

༄༅༎དབུས་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཁག་གི་སྤྱི་ཁྱབ་པ་བཀྲིས་ཕུན་ཚོགས་ལགས་ཉེ་ཆར་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་རྒྱལ་ས་ སྦེང་ལུ་རུར་ཚུགས་པའི་(YUVA BHARAT) འམ་རྒྱ་གར་གྱི་གཞོན་ནུ་ཞེས་མིང་བཏགས་པའི་རྒྱལ་ཡོངས་བདེ་འཇགས་གོང་བུ་གཅིག་འགྱུར་གྱི་གླེང་སྟེགས་ཞེས་པའི་ཚོགས་འདུར་ཇི་ལྟར་གདན་ཞུས་ལྟར་ཆེད་ཕེབས་ཀྱིས།  ཚོགས་འདུའི་དབུ་འབྱེད་ཉིན་བོད་ནང་གི་ད་ལྟའི་གནས་སྟངས་སྤྱི་དང་ལྷག་པར་དུ་བོད་ཀྱི་གནད་དོན་ནི་རྒྱ་གར་གཙོས་པའི་ཁྱིམ་མཚེས་ཡུལ་གྲུ་ཁག་གི་བདེ་འཇགས་ཀྱི་གནས་བབས་དང་འབྲེལ་ཆགས་སྐོར་གསུང་བཤད་གཟབ་རྒྱས་ཤིག་གནང་ཡོད་པ་བོད་མིིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག།
ཚོགས་འདུ་དེ་བཞིན་ཕྱི་ཟླ་ ༢ ཚེས་ ༢༥ དང་ ༢༦ ཉིན་གྲངས་གཉིས་རིང་ཚུགས་ཤིང༌། ཚོགས་འདུའི་དབུ་འབྱེད་ཀྱི་གསུང་བཤད་གནང་མཁན་གྱི་ཁོངས་སུ་རྒྱ་གར་གྱི་བདེ་སྲུང་ལྷན་ཁང་ལ་ཚན་རིག་གི་གནད་དོན་ཐད་སློབ་སྟོན་པ་མཁས་དབང་སྐུ་ཞབས་ལྦི་ཀེ་ས་ར་ལྦཏ་དང༌། རྒྱ་གར་གྱི་ཇན་ཏ་སྲིད་དོན་ཚོགས་པའི་གཙོ་འཛིན་སྐུ་ཞབས་སུབ་ར་མ་ནམ་སུལྦ་མི་སོགས་གལ་གནད་ཆེ་བའི་མི་སྣ་ཡོད་འདུག།
ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་གི་སྤྱི་ཁྱབ་པ་བཀྲིས་ཕུན་ཚོགས་ལགས་ཀྱིས། བོད་དང་རྒྱ་གར་དབར་གྱི་འདས་པའི་ལོ་རྒྱུས་ཀྱི་འབྲེལ་ལམ་དང༌། རྒྱ་གར་དང་བོད་དབར་ས་འབྲེལ་གྱི་གནས་བབས་དེ་གཅིག་པུའི་ཐོག་ནས་བོད་འདི་རྒྱ་གར་གྱི་བདེ་འཇགས་གནས་བབས་ཐོག་གལ་གནད་ཆེན་པོ་ཇི་ཙམ་མཚོན་གྱི་ཡོད་མིན་སོགས་གསལ་བཤད་ཞིབ་རྒྱས་གནང་འདུག་ལ། དེ་བཞིན་ཁོང་གིས་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་ཤུགས་ཆེ་བྱེད་བཞིན་པར་བོད་མི་ཚོ་མི་བཟོད་པའི་ཐོག་ནས་རང་ལུས་མེར་བསྲེགས་བཏང་སྟེ་རང་སྲོག་བློས་གཏོང་བྱེད་བཞིན་པ་མཚམས་འཇོག་ཡོང་ཐབས་སུ་ཚོགས་བཅར་བ་ཚོས་རྒྱ་ནག་གཞུང་གིས་བོད་ཐོག་བཟུང་བའི་སྲིད་བྱུས་ལ་སྐྱོན་བརྗོད་ཡོང་བའི་འབོད་བསྐུལ་ཡང་ཞུས་གནང་འདུག།
གཞོན་ནུའི་ཚོགས་འདུ་དེའི་ནང་ཚོགས་བཅར་ཞུས་པའི་ ཨཕྷ་གྷནིསི་ཐན་དང་བལ་ཡུལ། འབྲུག། སྦང་ལ་དེཤ། མལ་རྡིཝིསི་སོགས་ཀྱི་གཞོན་ནུའི་སྐུ་ཚབ་ནས་རང་རང་སོ་སོའི་ཡུལ་གྲུ་ཁག་གི་བདེ་འཇགས་ཀྱི་གནས་བབས་སྐོར་གསུང་བཤད་ཀྱང་གནང་འདུག།
དམིགས་བསལ་ད་རེས་ཀྱི་ལྷན་ཚོགས་དེའི་སྐབས། རྒྱ་གར་གྱི་ཀར་ན་ཊ་ཀ་མངའ་སྡེའི་རྒྱལ་ཡོངས་བདེ་འཇགས་གོང་བུ་གཅིག་འགྱུར་གླེང་སྟེགས་ཀྱི་ཚན་པའི་གཙོ་འཛིན་སྐུ་ཞབས་ཌི་སྦི་ཤེ་ཀཏ་ཀར་གྱིས་ཚོགས་བཅར་བ་ཚོས་སྐུ་ཞབས་བཀྲིས་ཕུན་ཚོགས་ལགས་ཀྱི་བཀའ་མོལ་གྱི་ནང་དོན་ཁག་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་དགོས་པའི་བསྐུལ་མ་གནང་པ་དང༌། ལྷག་པར་དུ་གཞོན་ནུ་ཚོས་རྒྱ་གར་གྱི་རང་དབང་དང་མང་གཙོ་ལ་གཅེས་འཛིན་བྱེད་པ་དང་དུས་མཚུངས་དེ་དག་དོ་ནན་གྱི་ཐོག་ནས་སྲུང་སྐྱོབ་བྱ་དགོས་པ་ཡང་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎