བཟང་ཕྱོགས་ཀྱི་ཤེས་ཡོན་སློབ་གསོ་དགོས་གལ་ཆེ་བ།
2011.05.31
༄༅༎བོད་མིའི་སྒྲིག་འཛུགས་སམ་བཙན་བྱོལ་བོད་གཞུང་གི་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་གི་སྤྱི་ཁྱབ་སྐུ་ཚབ་པ་བཀྲིས་ཕུན་ཚོགས་ལགས་ཀྱིས་ རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་ནང་ཡོད་པའི་ཡེ་ཤུའི་གཙུག་ལག་སློབ་གཉེར་ཁང་དུ་ཉིན་གྲངས་གཉིས་རིང་ རྒྱ་ཁྱབ་བཟང་ཕྱོགས་ཀྱི་ཤེས་ཡོན་བརྒྱུད་ནས་ཕུན་སུམ་ཚོགས་པའི་འགྲོ་བ་མིའི་སྤྱི་ཚོགས་ཞེས་པའི་བརྗོད་གཞིའི་ཐོག་གི་རྒྱལ་ཡོངས་ཚོགས་ཆེན་ཐོག་གསུང་བཤད་གནང་འདུག།
ཚོགས་འདུ་དེ་ཕྱི་ཟླ་ ༥ ཚེས་ ༣༠ དང་ ༣༡ བཅས་ཉིན་གྲངས་གཉིས་རིང་ཚུགས་ཡོད་པ་རེད།
སྦེང་ལོར་ཡེ་ཤུའི་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་སྐུ་གཞོན་མཁས་དབང་ཐིོ་མ་སེ་མེ་ཐིའུ་སི་(Thomas Mathews)མཆོག་གིས་ཚོགས་འདུའི་དབུ་འབྱེད་ཀྱི་གསུང་བཤད་གནང་སྐབས། སྤྱིར་བཏང་གི་ཤེས་ཡོན་ལམ་ལུགས་ཀྱི་ནང་བཟང་ཕྱོགས་ཀྱི་ཤེས་ཡོན་སློབ་གསོ་དགོས་གལ་ཆེ་བའི་སྐོར་གསུངས་ཤིང༌། འོན་ཀྱང་ཁོང་གིས་གནད་དོན་འདི་གལ་འགངས་ཆེན་པོར་ཚང་མས་ངོས་འཛིན་ཐུབ་པ་དང༌། བཟང་ཕྱོགས་ཀྱི་ཤེས་ཡོན་སློབ་ཚན་གྱི་གྲས་སུ་འཇུག་རྒྱུར་ལོ་དགུ་ཙམ་འགོར་ཡོད་པ་འགྲེལ་བརྗོད་གནང་འདུག།
ཡང་བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ཀྱི་ལྷོ་ཕྱོགས་གཞིས་ཆགས་ཁག་གི་སྤྱི་ཁྱབ་སྐུ་ཚབ་པ་བཀྲིས་ཕུན་ཚོགས་ལགས་ཀྱིས་ མཐོ་རིམ་སློབ་གྲྭ་འདིས་བཟང་ཕྱོགས་ཀྱི་ཤེས་ཡོན་རྒྱུན་ལྡན་སློབ་ཚན་གྱི་ཁོངས་སུ་འཇུག་རྒྱུར་ཐུགས་འགན་བཞེས་པར་སྔགས་བརྗོད་ཆེན་པོ་གནང་པ་དང་ཆབས་ཅིག་ཁོང་གིས། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེང་དུས་ཤེས་ཡོན་ལམ་ལུགས་ཀྱི་ནང༌། མིའི་གཞི་རྩའི་རིན་ཐང་ངམ་རང་བཞིན་གྱི་མིའི་བཟང་པོའི་ཡོན་ཏན་གསོ་སྐྱོང་དགོས་གལ་ཆེ་བའི་རླབས་ཆེན་གྱི་དགོངས་པ་ཇི་ཡིན་འགྲེལ་བརྗོད་གནང་པ་དང༌། བཀྲིས་ཕུན་ཚོགས་ལགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་པ་དེ་ནི་ཆོས་ལུགས་དང་མ་འབྲེལ་བའི་མིའི་རིན་ཐང་སྟེ། བྱམས་པ་དང་བརྩེ་བ། སྙིང་རྗེ་དང་བཟོད་པ། འགྱོད་བཤགས་དང་ལེན་སོགས་གསོ་སྐྱོང་དར་སྤེལ་བྱེད་དགོས་པ་བཅས་ལ་དགོངས་ཀྱི་ཡོད་པ་གསལ་བཤད་ཀྱང་གནང་ཡོད་པ་རེད།
ལྷོ་སྤྱི་བཀྲིས་ཕུན་ཚོགས་ལགས་ཀྱིས། སྤྱི་ཚོགས་ཀྱི་བདེན་པ་དང་མཐུན་ལམ་བདེ་སྐྱིད་བསྐྲུན་ཐབས་ལ་མེད་དུ་མི་རུང་བའི་རིན་ཐང་ངམ་ཁྱད་ཆོས་དེ་དག་སྤྱིར་བཏང་གསོ་སྐྱོང་དགོས་གལ་ཆེ་བ་ལྟ་ཅི་སྨོས། ཤེས་ཡོན་ལྟེ་གནས་ཁང་ཚོས་རྒྱ་ཁྱབ་ཀྱིས་འགན་འཁུར་བླངས་རྒྱུ་ཆེ་རུ་གཏོང་དགོས་པ་ནི་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུངས་འདུག།