ཚོགས་གཙོའི་གཏམ་བཤད།
2013.03.13
༄༅། །དེ་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་སུད་སིའི་གྲོང་ཁྱེར་ཇི་ནི་ཝའི་ནང་། ཕྱི་ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན་བསྐོངས་ཚོགས་གནང་བའི་འཛམ་གླིང་ཡུ་གུར་མཐུན་ཚོགས་དང་། དེ་བཞིན་རྒྱལ་ཁབ་ངོས་འཛིན་མ་ཐོབ་པའི་མི་རིགས་མཐུན་ཚོགས། དེ་བཞིན་འཇིག་ཉེན་ཡོད་པའི་མི་རིགས་སྲུང་སྐྱོབ་ཚོགས་པ་བཅས་ཀྱི་ཚོགས་འདུའི་ཐོག་གསུངས་བཤད་གནང་བའི་ནང་། རྒྱ་ནག་འོག་ཚུད་པའི་བོད་དང་། ཤིན་ཅང་། ལྷོ་སོག་གམ་ཕྱི་སོག་བཅས་པའི་མི་རིགས་བཙན་བྱོལ་དུ་ཡོད་པ་རྣམས་ནས་ཕན་ཚུན་ཉམས་མྱོང་བརྗེ་ལེན་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་དང་། བོད་མི་བཙན་བྱོལ་བ་ཚོས་ཀྱང་རྒྱ་མི་རིགས་ཀྱི་མཐུན་ཚོགས་ཁག་དང་འབྲེལ་བ་བྱེད་ཀྱི་ཡོད་ལུགས་གསུངས་འདུག
ད་རེས་ཚོགས་འདུ་འདི་བཞིན་མཐུན་འགྱུར་གནང་མཁན་ཨ་མི་རི་ཀའི་མང་གཙོ་གཅེས་སྐྱོང་ཁང་ཡིན་པ་དང་། ཚོགས་འདུའི་བརྗོད་གཞི་ནི། རྒྱ་ནག་གི་འགོ་ཁྲིད་གསར་པའི་འོག་བོད་དང་ལྷོ་སོག། ཤིན་ཅང་བཅས་ཀྱི་ནང་རང་དབང་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་ལ་དཀའ་ངལ་འཕྲད་བཞིན་པ་ཞེས་པའི་བརྗོད་གཞི་ཡིན་པ་དང་། ཚོགས་གཙོ་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཐོག་གསུངས་བཤད་གནང་ཡོད་པ་རེད།།