སི་རི་ལང་ཀའི་གཞུང་གིས་མཚོན་ཆ་བེད་སྤྱོད་མཚམས་བཞག་པ།
2009.04.27
༄༅༎སི་རི་ལང་ཀའི་གཞུང་གིས་གྱེན་ལོག་ཕྱོགས་ཁག་ཐོག་མཁའ་ཐོག་དང་མེ་སྒྱོགས་སོགས་གཏོར་ཚབས་ཆེ་བའི་མཚོན་ཆའི་རིགས་ཀྱིས་གཏོར་རྒོལ་གཏོང་རྒྱུ་མཚམས་འཇོག་བྱ་རྒྱུ་ཡིན་འདུག
དེ་ཡང་སི་རི་ལང་ཀའི་གཞུང་གིས་ཡུལ་དེའི་ཊམིལ་སྟག་གི་གྱེན་ལོག་ཕྱོགས་ཁག་ཐོག་གཏོར་རྒོལ་གཏོང་བའི་སྐབས་མཁའ་ཐོག་དང་མེ་སྒྱོགས་སོགས་གཏོར་རྒོལ་ཚབས་ཆེ་བའི་མཚོན་ཆའི་རིགས་བེད་སྤྱད་ནས་ཉེས་མེད་མི་སེར་མང་པོའི་ཚེ་སྲོག་ལ་གནོད་འཚེ་ཕོག་གི་ཡོད་པར་བརྟེན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཏོར་རྒོལ་དེ་རིགས་མཚམས་འཇོག་དགོས་པའི་གནོན་ཤུགས་འོག་གཟའ་ཟླ་བའི་ཉིན་སི་རི་ལང་ཀའི་གཞུང་གིས་ཊ་མིལ་སྟག་གི་གྱེན་ལོག་ཤོག་ཁག་ཐོག་གཏོར་རྒོལ་གཏོང་རྒྱུའི་ལྕི་བའི་མཚོན་ཆའི་རིགས་བེད་སྤྱོད་བྱ་རྒྱུ་འཕྲལ་དུ་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་རེད། སི་རི་ལང་ཀའི་དམག་དཔུང་གིས་གཟའ་འཁོར་གཅིག་གི་གོང་ནས་ལྕི་བའི་གོ་མཚོན་རིགས་བེད་སྤྱོད་བྱེད་ཡས་མཚམས་འཇོག་བྱས་ཟིན་པ་བརྗོད་ཀྱི་ཡོད་པ་དང་ཡིན་ནའི་གྱེན་ལོག་ཤོག་ཁག་གིས་སི་རི་ལང་ཀའི་གཞུང་གིས་མུ་མཐུད་མཁའ་ཐོག་ནས་གཏོར་རྒོལ་གཏོང་གི་ཡོད་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད། ད་རེས་སི་རི་ལང་ཀའི་གཞུང་གིས་གྱེན་ལོག་ཤོག་ཁག་ཐོག་གཏོར་ཚབས་ཆེ་བའི་མཁའ་ཐོག་དང་མེ་སྒྱོགས་སོགས་ཀྱི་གཏོར་རྒོལ་གཏོང་རྒྱུ་མཚམས་འཇོག་གི་གསལ་བསྒྲགས་དེ་བཞིན་སི་རི་ལང་ཀའི་གཞུང་ནས་གྱེན་ལོག་ཤོག་ཁག་གིས་བཏོན་པའི་ཞི་བའི་གྲོས་མཐུན་ལ་ཁས་ལེན་མ་བྱས་པའི་ཉིན་གཅིག་གི་རྗེས་སུ་ཕྱིར་བསྒྲགས་བྱས་པ་ཞིག་ཡིན་པ་རེད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གསུངས་ན་ཉུང་མཐར་ཡང་མི་སེར་དྲུག་སྟོང་ལྔ་བརྒྱ་ལྷག་ཙམ་འདས་པའི་ཟླ་བ་གསུམ་རིང་སྲིད་གཞུང་དང་གྱེན་ལོག་ཤོག་ཁག་གི་དམག་འཐབ་ཁྲོད་ཚེ་སྲོག་ཤོར་ཡོད་པ་དང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་སི་རི་ལང་ཀའི་གཞུང་ནས་ཉེས་མེད་མི་སེར་ཚོར་ནང་འཁྲུག་གི་གནོད་འཚེ་ཕོག་རྒྱུར་སྲུང་སྐྱོབས་བྱ་རྒྱུ་མ་ཟད་ཕྱོགས་གཉིས་དམག་འཐབ་ཀྱི་གཡུལ་སར་རྒྱལ་སྤྱིའི་བརྟག་དཔྱད་མི་སྣ་ཆེད་གཏོང་དགོས་པའི་སྐུལ་མ་གནང་ཡོད་པ་རེད།