ཤྲི་ལངྐའི་ནང་མི་གསོད་ཁྲག་སྦྱོར་གྱི་སྙན་ཐོར་ངོས་ལེན་མ་བྱས་པ།
2011.05.01
༄༅༎ཤྲི་ལངྐའི་ནང་གཞུང་གིས་ཕྱི་ཟླ་ལྔ་པའི་ཚེས་གཅིག་ཉིན་མེ་ཌེ་(May Day) ཞེས་པའི་རྔམ་སྟོན་ཁྲོམ་སྐོར་བྱེད་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡུལ་དེའི་དྲག་པོའི་གཞུང་གིས་དེ་སྔའི་ནང་འཁྲུགས་སྐབས་སུ་མི་གསོད་ཁྲག་སྦྱོར་གྱི་ལས་འགུལ་སྤེལ་ཡོད་པའི་སྙན་ཐོ་བཏོན་པ་དེ་ངོས་ལེན་བྱས་མེད་པའི་གནས་ཚུལ་ཐོན་འདུག
བདུན་ཁྲག་སྔོན་མའི་རེས་གཟའ་ཟླ་བའི་ཉིན་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་སྙན་ཐོ་ཞིག་བཏོན་པའི་ནང་ཕྱི་ལོ་༢༠༠༩ལོར་ཤྲི་ལངྐའི་གཞུང་གིས་ཏ་མིལ་གྱེན་ལོག་ཤོག་ཁག་མཚར་གཅོད་སྐབས་ཞི་བའི་ཡུལ་མི་སྟོང་ཁྲག་མང་པོ་རྡེབ་གསོད་བྱས་ལུགས་འཁོད་ཡོད་འདུག རེས་གཟའ་ཉི་མའི་ཉིན་ཤྲི་ལངྐའི་བློན་ཆེན་བགྲེས་པ་ ནིརྨལ་སི་རི་པ་ལ་ཌི་སིལ་ལྦ་ཡིས་རྒྱལ་ཚོགས་ཀྱིས་སྙན་ཐོ་དེ་ནི་ མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་དང་འགལ་བ། རྒྱལ་སྤྱིའི་ཐོག་འཇིགས་སྐུལ་དྲག་སྤྱོད་ལ་གདོང་ལེན་གྱི་ལས་འགུལ་ལ་མཐོང་ཆུང་དང་། ཤྲི་ལངྐའི་ཞི་འགྲིག་གི་ལས་འགུལ་ལ་གདོན་གཞིའི་རྩ་བ་ཡིན་ལུགས་སྐྱོན་བརྗོད་གནང་འདུག རྒྱལ་ཡོངས་སུ་རླུང་འཕྲིན་ཐོག་གཏམ་བཤད་གནང་བའི་ནང་བློན་ཆེན་ ནིརྨལ་ སི་རི་པ་ལ་ཌི་སིལ་ལྦ་ཡིས་ཕྱི་ཟླ་ལྔ་པའི་རྔམ་སྟོན་ཁྲོམ་སྐོར་གྱི་དམིགས་ཡུལ་གཙོ་བོ་ནི་མི་མང་གིས་སོ་སོའི་གཞུང་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་ཡང་ དེ་དང་ཆབས་ཅིག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ བྭན་ཀི་མུན་ལ་སྐྱོན་བརྗོད་བྱ་རྒྱུའི་གོ་སྐབས་ཤིག་ཀྱང་ཡིན་ལུགས་འགྲེལ་བརྗོད་གནང་འདུག། ཡུལ་མི་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱི་རྔན་སྟོན་ཁྲོམ་སྐོར་དེར་སྲིད་འཛིན་ མ་ཧིན་རྡ་ ར་ཇ་པཀྶེ་མཆོག་གིས་གསུང་བཤད་གནང་གཏན་འཁེལ་ཡོད་འདུག