ཤི་རི་ལང་ཀ་གཞུང་གིས་ངོ་རྒོལ་བའི་ཐོག་དྲག་གནོན་བྱས་པ།
2011.06.04
༄༅༎ཤི་རི་ལང་ཀའི་ནང་ལས་མིའི་རྒས་ཡོལ་གྱི་ཕོགས་ཐོབ་སྲུང་སྐྱོབ་བྱ་རྒྱུའི་ངོ་རྒོལ་ལས་འགུལ་སྤེལ་བཞིན་པ་དེར། ནང་པའི་དགེ་འདུན་པ་ཚོས་རྒྱབ་སྐྱོར་གནང་བཞིན་ཡོད་འདུག
དེ་ཡང་ཉེ་ལམ་ཤི་རི་ལང་ཀའི་གཞུང་གིས་ཁྲིམས་གཞི་གསར་པ་ཞིག་གཏན་འབེབས་བྱ་རྒྱུའི་འཆར་གཞི་བཀོད་པའི་ནང༌། སྒེར་གྱི་བཟོ་ཚོང་ལས་ཁང་ནང་ལས་ཀ་བྱེད་མཁན་གྱི་ལས་མིས་གསོག་འཇོག་བྱས་པའི་རྒས་ཡོལ་སྤྲོད་ཕྱོགས་ཀྱི་འགན་དབང་དེ་གཞུང་གིས་ཐད་ཀའི་སྟངས་འཛིན་འོག་འཇོག་རྒྱུ་གནང་བ་མ་ཟད། རྒས་ཡོལ་གྱི་ཕོགས་ཐོབ་དེ་སྔ་ལས་དམའ་རུ་གཏང་རྒྱུའི་འཆར་གཞི་བཀོད་པའི་གནས་ཚུལ་བྱུང་བའི་རྗེས། ལས་མིའི་སྒྲིག་འཛུགས་ཁག་གིས་གཞུང་ལ་ངོ་རྒོལ་བྱས་པར། ཤི་རི་ལང་ཀའི་གཞུང་གིས་དམག་དཔུང་འགྲེམ་གཏོང་གིས་དྲག་གནོན་བྱས་ཏེ། ངོ་རྒོལ་བ་ཞིག་ལ་མེ་མདའ་བརྒྱབ་སྟེ་བསད་པ་དང༌། ངོ་རྒོལ་བ་ ༡༥༠ ཙམ་ལ་སྨས་སྐྱོན་ཕོག་པའི་གནས་ཚུལ་བྱུང་ཡོད་པར། འདི་ཚེས་ ༣ ཉིན་ནང་པའི་དགེ་འདུན་པ་ཆེས་མང་པོས་ ཡུལ་དེའི་སྲིད་འཛིན་ལས་ཁང་གི་མདུན་དུ་འདུ་འཛོམས་ཀྱིས། ལས་མི་ཚོས་ངོ་རྒོལ་ལས་འགུལ་ལ་གདུང་སེམས་མཉམ་སྐྱེད་དང༌། གཞུང་གིས་ངོ་རྒོལ་བ་ཚོའི་ཐོག་དྲག་གནོན་བྱས་པ་དེར་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་འདུག།