ཤྲིལངྐ་རྒྱལ་ཁབ་ཀྱི་ནང་རྒྱ་ནག་གཞུང་ཚབ་ཀྱིས་གནོན་ཤུགས་སྤྲད་མིན་ལ་མ་ལྟོས་པར། ༸སྐུའི་འཁྲུངས་སྐར་སྲུང་བརྩི་གནང་འདུག
འཕགས་པ་གནས་བརྟན་པའི་ཆོས་རྒྱུད་གཙོ་བོར་འཛིན་པའི་ཤྲིལངྐ་རྒྱལ་ཁབ་ཀྱི་ནང་པའི་དགེ་འདུན་པ་སྤྱི་དང་ཁྱད་པར་དུ། དགོན་སྡེ་ཁག་གི་མཁན་པོ་ལས་སྣེ་སོགས་གནད་ཡོད་དང་ཤུགས་རྐྱེན་ཅན་གྱི་དགེ་འདུན་པ་ཚོར། ཤྲིལངྐ་རྒྱལ་ཁབ་ནང་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་དངོས་སུ་ཁ་པར་བཏང་སྟེ། བོད་མིའི་དབུ་ཁྲིད་༸གོང་ས་མཆོག་གི་འཁྲུངས་སྐར་མཛད་སྒོ་ལ་ཞུགས་མི་ཆོག་པའི་གནོན་ཤུགས་སྤྲད་པ་དང་། སོ་པ་ལས་ཁུངས་སོགས་ཀྱིས་ཀྱང་དངོས་ཤུགས་བརྒྱུད་གསུམ་ནས་བཀག་འགོག་བྱས་མིན་ལ་མ་ལྟོས་པར། ཉེ་ཆར་སྤྱི་ཟླ་ ༧ པའི་ཚེས་ ༦ ཉིན་བོད་མིའི་དབུ་ཁྲིད་༸གོང་ས་མཆོག་དགུང་ལོ་ ༨༩ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོར། དགེ་འདུན་པ་གནད་ཡོད་མི་སྣ་དང་དགོན་སྡེ་མང་པོའི་ལས་སྣེ་སོགས་མཉམ་ཞུགས་གནང་སྟེ་འཁྲུངས་སྐར་སྲུང་བརྩི་གནང་ཡོད་པའི་སྐོར། ཤྲིལངྐ་བོད་བརྒྱུད་ནང་ཆོས་མཐུན་ཚོགས་ཀྱི་ཚོགས་གཙོ་ Dr. Damenda Porage ལགས་ནས་འགྲེལ་བརྗོད་གནང་གི་འདུག
ཤྲིལངྐའི་ནང་གི་རྒྱ་ནག་གཞུང་ཚབ་ཁང་དང་གསང་བའི་ལས་བྱེད་མང་པོས་ང་ཚོའི་ལས་དོན་ལ་འགོག་རྐྱེན་བཟོ་ཐབས་བྱས་པ་མ་ཟད། ཉེ་ཆར་ང་ཚོའི་ངོ་དེབ་ཤྲིལངྐའི་བོད་བརྒྱུད་ནང་པའི་རྗེས་འཇུག་སྤུན་ཟླ་ཟེར་བའི་ཁ་བྱང་དང་བརྙན་འཕྲིན་བརྒྱུད་ལམ་བཅས་རྩ་བརླག་བཀག་སྡོམ་བྱས་པའི་ཁར། ང་ཚོའི་གོ་ཐོས་སུ་གྲྭ་བ་རྒན་པ་མང་པོ་ཞིག་ལ་རྒྱ་ནག་གཞུང་ཚབ་ཀྱིས་ཁ་པར་བཏང་སྟེ་འཁྲུངས་སྐར་ལ་ཞུགས་མི་ཆོག་པའི་གནོན་ཤུགས་སྤྲད་ནའང་། དགེ་འདུན་པ་དེ་ཚོ་ཚང་མས་༸གོང་ས་མཆོག་ལ་གུས་བརྩིས་སོ་སོའི་ཆོས་ཀྱི་དབུ་ཁྲིད་ལ་བརྩི་བཞིན་པ་དང་མཚུངས། ཤྲིལངྐའི་དགེ་འདུན་པ་རྣམས་ཀྱིས་༸གོང་ས་མཆོག་ལ་དད་གུས་ཧ་ཅང་ཆེན་པོ་གནང་གི་ཡོད་པས། རྒྱ་ནག་གི་གནོན་ཤུགས་སྣང་མེད་ཀྱིས་ཁོ་ཚོ་འཁྲུངས་སྐར་མཛད་སྒོ་དེར་ཞུགས་ཡོད་པ་ངོ་སྤྲོད་གནང་གི་འདུག་ཅིང་། ཡང་ཁོང་གིས་མཛད་སྒོ་དེར་ཁོ་ཚོའི་ཆོས་རྒྱུད་འཛིན་པའི་མཁན་ཆེན་སོགས་དགེ་འདུན་པའི་སྐུ་ཚབ་རྒྱ་ཆེན་པོ་ཞིག་འཁྲུངས་སྐར་དུ་འཛོམས་པ་འགྲེལ་བརྗོད་གནང་གི་འདུག
ཤྲིལངྐའི་ནང་གི་པ་ལི་དང་ལེགས་སྦྱར་གྱི་རིག་གཞུང་བརྗེ་རེས་ཁང་དུ་དགེ་འདུན་གྱི་སྡེའི་སྐུ་ཚབ་རྒྱ་ཆེན་པོ་ཞིག་འཁྲུངས་སྐར་དུ་འཛོམས་པའི་ནང་། མཁན་བླ་མཐོ་རིམ་གྱི་མི་སྣ་གནད་ཡོད་དགེ་འདུན་པ་བདུན་ལྷན་མཉམ་ཞུགས་གནང་ཡོད་ཐོག རྒྱ་གར་དང་བལ་པོ། འབར་མ་དང་བྷང་ལ་དེ་ཤེ་སོགས་ནས་ཀྱང་ནང་པའི་དགེ་འདུན་པ་མང་པོ་འཛོམས་ནས་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་གནང་ཡོད་པ་ངོ་སྤྲོད་གནང་བ་དང་ཆབས་ཅིག རྒྱ་གར་ནང་ཨེ་ཤེ་ཡའི་ནང་པའི་ཞི་བདེའི་ལྷན་ཚོགས་སུ་༸གོང་ས་མཆོག་གི་འཁྲུངས་སྐར་ནི། འཛམ་གླིང་སྤྱིའི་བྱམས་བརྩེའི་ཉིན་མོ་ལ་བརྩི་ཞུ་རྒྱུ་གཏན་ཁེལ་གནང་ཡོད་པས། འཁྲུངས་སྐར་མཛད་སྒོ་དེར་དགེ་འདུན་པ་དང་མི་སྐྱ་ཕོ་མོ། སློབ་ཕྲུག་དང་མཁས་པ་སོགས་ཧ་ཅང་མང་པོ་མཉམ་ཞུགས་གནང་ཡོད་པ་དང་། ཁོང་ཚོས་༸གོང་ས་མཆོག་གི་འཁྲུངས་སྐར་དང་སྐབས་བསྟུན་བཅོམ་ལྡན་འདས་ཀྱི་སྐུ་བརྙན་བཞུགས་པའི་གཙུག་ལག་ཁང་གསར་པ་ཞིག་དབུ་འབྱེད་དང་། བོད་མིའི་དབུ་ཁྲིད་༸གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་ལམ་གསུང་འདོན་གནང་བ་ཡོད་པ་བཅས་ཀྱང་ངོ་སྤྲོད་གནང་གི་འདུག
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།