ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཚོགས་ཆུང་གི་རེ་སྐུལ།
2012.02.15
༄༅༎ཨ་མི་རི་ཀའི་གྲོས་ཚོགས་ནང་གི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་ཀི་རིསི་ཀྲོ་ཕར་སི་མིཐ་ ཡིས་ རྒྱ་ནག་གི་སྲིད་འཛིན་གཞོན་པ་ཤི་ཅིན་ཕིང་ལ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ཀྱི་དབང་སྒྱུར་ལམ་ལུགས་ཡར་རྒྱས་གཏོང་དགོས་པའི་རེ་སྐུལ་གནང་བཞག།
ཨ་རིའི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་ ཀི་རིསི་ཀྲོ་ཕར་སི་མིཐ་ཡིས་ སྲིད་འཛིན་གཞོན་པ་ཤི་ཅིན་ཕིང་ཡིས་ཁོང་གི་འགོ་ཁྲིད་གོང་མ་ཚོའི་བྱེད་སྟངས་གི་ཁ་ཕྱོགས་སྒྱུར་ནས་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་བའི་རེ་བ་ཡོད། ཡིན་ནའི་སྲིད་འཛིན་གཞོན་པ་ཤི་ཅིན་ཕིང་རྒྱ་ནག་གི་འགོ་ཁྲིད་གསར་པ་ཆགས་རྒྱུའི་ལམ་ཕྱོགས་སུ་བསྐྱོད་བཞིན་པ་དང་དུས་མཚུངས་རྒྱ་ནག་གཞུང་གིས་དྲག་གནོན་ཤུགས་ཆེ་བྱེད་བཞིན་པའི་གནད་དོན་ལ་སེམས་འཚབ་ཆེན་པོ་ཡོད་ཅེས་གསུངས་བཞག།
གོང་ཞུས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་སི་མིཐ་དང་ཟུང་འབྲེལ་ཚོགས་གཙོ་ཀི་རིསི་སྦ་རའོན་རྣམ་གཉིས་ཀྱིས་གསུངས་ན། ༢༠༡༡ལོའི་ཕྱི་ཟླ་༣པ་ནས་བཟུང་བོད་ནང་བོད་མི་༢༠་རྩ་གྲངས་ཤིག་གིས་རང་ལུས་མེར་བསྲེག་བཏང་བ་དང་ཤར་ཏུར་ཀིསི་ཐན་གྱི་གཡུ་གུར་མི་རིགས་ཐོག་རྒྱ་ནག་གིས་དྲག་གནོན་ཤུགས་ཆེ་བྱེད་བཞིན་པའི་སྐོར་གསལ་སྟོན་གནང་ཡོད་ཅིང༌།
བོད་ནང་ད་བར་བྱུང་མྱོང་མེད་པའི་ཡིད་སྐྱོའི་གནས་ཚུལ་གྱི་འབྱུང་རྐྱེན་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང། སྐད་ཡིག་བཅས་ཀྱི་ཐོག་དམ་བསྒྲཌ་ཆེན་པོ་བྱས་པ་ལས་བྱུང་བ་ཞིག་ཡིན་སྲིད་པའི་གནད་དོན་ལ་རྒྱ་ནག་གི་དཔོན་རིགས་ཚོས་ཁས་ལེན་རྩ་བ་ནས་བྱེད་ཀྱི་མེད་པ་དང༌། བོད་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་ཁས་ལེན་བྱ་རྒྱུའི་ཚབ་ཏུ་བོད་མི་ངོ་རྒོལ་བའི་ཐོག་གང་བྱུང་མེ་མདའ་བརྒྱབ་པ་དང༌། བོད་ནང་དམ་བསྒྲཌ་ཆེ་རུ་བཏང་བའི་ཐོག་ཕྱིའི་ཡུལ་ཁག་གི་གསར་འགོད་པ་བོད་ནང་མ་བཏང་བར་བཀག་འགོག་བྱེད་ཀྱི་ཡོད་སྟབས། སྲིད་འཛིན་ཤི་ཅིན་ཕིང་ཡིས་རྒྱ་ནག་ནང་གི་ནང་པ་དང་ཁ་ཆེ། ཡེ་ཤུ། ཆོས་འཁོར་སྒོམ་གྲུབ་སོགས་ཆོས་ལུགས་གང་འདྲ་ཞིག་ལ་དད་པ་བྱེད་མཁན་ཡིན་རུང་ཚང་མའི་ཆོས་དད་རང་དབང་དང་དད་པ་ཡིད་ཆེས་ལ་སྲུང་སྐྱོབ་གནང་དགོས་ཀྱི་རེད་ཅེས་ཨ་རིའི་གྲོས་ཚོགས་འཐུས་མི་ཀི་རིསི་ཀྲོ་ཕར་སི་མིཐ་དང་ཀི་རིསི་སྦ་རའོན་རྣམ་གཉིས་ཀྱིས་གསུངས་བཞག།
དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་འབྲེལ་ཡོད་ཚོགས་ཆུང་དེས་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཤི་ཅིན་ཕིང་ལ་དགོས་འདུན་ཁག་ཅིག་བསྟོན་གནང་ཡོད་པའི་ནང༌།
ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་བཀྲོལ་གཏོང་དགོས་པ་དང༌། རྒྱ་ནག་གི་ནག་ཉེས་ཁྲིམས་གཞིར་བསྐྱར་བཅོས་བྱ་དགོས་རྒྱུ། དྲང་པོ་མེད་པའི་ཚོང་ལས་སྲིད་བྱུས་ལག་བསྟར་མཚམས་འཇོག་དང༌། བོད་མི་དང་གཡུ་གུར་མི་རིགས་སོགས་གྲངས་ཉུང་མི་རིགས་ཚང་མའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་སྲིད་བྱུས་གཏན་འབེབས་བྱས་ནས། བོད་ཀྱི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གམ་ཡང་ན་༧གོང་ས་མཆོག་གི་སྐུ་ཚབ་ལྷན་དོན་དམ་གྱི་གྲོས་མོལ་ཞུ་དགོས་པའི་རེ་འདུན་གནང་བཞག།