ལ་དྭགས་རྒྱ་གར་གཞུང་གི་ཐད་ཀའི་འཛིན་སྐྱོང་ས་ཁུལ་ཡིན་པ་བསྒྲགས་དགོས།


2018.05.17
རྒྱ་གར་ལ་དྭགས། ༢༠༡༢ རྒྱ་གར་ལ་དྭགས། ༢༠༡༢
Raffaele/flickr

ལ་དྭགས་དེ་བཞིན་རྒྱ་གར་གཞུང་གི་ཐད་ཀའི་འཛིན་སྐྱོང་བྱེད་སའི་ས་ཁུལ་ཞིག་ཡིན་པ་སྲིད་བློན་གྱིས་བསྒྲགས་དགོས་བའི་འབོད་སྐུལ་བྱས་འདུག།
དེ་ཡང་རིང་མིན་རྒྱ་གར་གྱི་སྲིད་བློན་མོ་དྷིས་(Narendra Modi)ཡིས་རྒྱལ་ཁབ་དེའི་བྱང་ཕྱོགས་ལ་དྭགས་མངའ་ཁུལ་དུ་འཚམས་གཟིགས་གནང་འཆར་ཡོད་སྟབས། འཚམས་གཟིགས་ལ་ཕེབས་པའི་སྐབས་ཁོང་གིས་ལ་དྭགས་དེ་བཞིན་རྒྱ་གར་གཞུང་གི་ཐད་ཀའི་འཛིན་སྐྱོང་བྱེད་སའི་ས་ཁུལ་ཞིག་ཡིན་པའི་གསལ་བསྒྲགས་གནང་དགོས་པ་ས་གནས་ཀྱི་ཕྱོགས་འགལ་ཀོངྒ་རེསི་ཚོགས་པའི་དབུ་འཁྲིད་ཚོས་རེ་འདུན་སྟོན་གནང་འདུག
དེ་ཡང་འདི་ཚེས་ ༡༩ ཉིན་རྒྱ་གར་གྱི་སྲིད་བློན་མོ་དྷིས་(Narendra Modi)ཡིས་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་དུ་འཚམས་གཟིགས་གནང་རྒྱུ་ཡིན་པ་ལྟར། ཁོང་ཕེབས་ལ་ཉེ་བའི་སྔ་ནུབ་ཏུ་འདི་ཚེས་ ༡༣ ཉིན་ས་གནས་ཀྱི་ཕྱོགས་འགལ་ཀོངྒ་རེསི་ཚོགས་པའི་ཚོགས་གཙོ་ཚེ་རིང་བསམ་འཕེལ་དང༌། ཀོངྒ་རེསི་ཚོགས་པའི་གཞོན་ནུའི་སྡེ་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་རྣམ་རྒྱལ། ས་གནས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཕྱོགས་འགལ་ཚོགས་པའི་འགོ་འཁྲིད་འགྱུར་མེད་རྡོ་རྗེ་བཅས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག དེ་སྔ་ཕྱི་ལོ་ ༢༠༡༤ ལོའི་འོས་བསྡུའི་འགྲན་རྩོད་སྐབས་ལ་དྭགས་རྒྱ་གར་གཞུང་གི་ཐད་ཀའི་འཛིན་སྐྱོང་བྱེད་སའི་ས་ཁུལ་ཞིག་བཟོ་རྒྱུའི་ཁས་ལེན་བྱས་པའི་རྐྱེན་གྱིས་ཁུལ་དེར་ད་ལྟའི་གཞུང་འཛིན་(BJP)ཚོགས་པ་ལ་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་པ་མ་ཟད། འོས་བསྡུའི་འགྲན་རྩོད་ཀྱི་གཏམ་བཤད་ནང༌། BJPཚོགས་པའི་འགོ་འཁྲིད་མཐོ་གྲས་ཡིན་པ་ (Nitin Gadkari)ཡིས། གལ་སྲིད་འོས་བསྡུའི་ནང་ (BJP)ཚོགས་པར་རྒྱལ་ཁབ་ཐོབ་པ་ཡིན་ཚེ། ཚོགས་པ་དེ་ཡིས་ལ་དྭགས་ཀྱི་མངའ་ཁུལ་དེ་བཞིན་རྒྱ་གར་གཞུང་གི་ཐད་ཀའི་འཛིན་སྐྱོང་བྱེད་སའི་ས་ཁུལ་ཞིག་བཟོ་རྒྱུའི་ཁས་ལེན་བྱས་ཡོད་ཀྱང༌། BJPཚོགས་པར་རྒྱལ་ཁ་ཐོབ་ནས་ད་བར་མི་ལོ་བཞི་ཙམ་འགྲོ་གི་ཡོད་ཀྱང༌། ད་བར་དེ་སྔའི་ཁས་ལེན་དེ་ལག་ལེན་བསྟར་མེད་པར་སོང༌། འདི་ཚེས་ ༡༩ ཉིན་སྲིད་བློན་ Narendra Modiལ་དྭགས་ལ་ཕེབས་པའི་སྐབས། ཁོང་ནས་དེ་སྔའི་ཁས་ལེན་ལག་བསྟར་གྱིས་ལ་དྭགས་དེ་བཞིན་གཞུང་གི་ཐད་ཀའི་འཛིན་སྐྱོང་བྱེད་སའི་ས་གནས་ཤིག་ཡིན་པའི་གསལ་བསྒྲགས་གནང་དགོས་པ་དང༌། རྒྱ་གར་གྱི་ཧི་མ་ལ་ཡའི་རི་རྒྱུད་དུ་ཡོད་པའི་ནང་པའི་མི་རིགས་ཁག་གིས་རྒྱུན་རིང་ནས་འབོད་སྐུལ་ཞུས་དང་ཞུ་བཞིན་པ་ལྟར། བོད་ཡིག་གམ་ Bhotiསྐད་ཡིག་དེ་བཞིན་གཞུང་འབྲེལ་སྐད་ཡིག་ཅིག་ཡིན་པར་ངོས་འཛིན་བྱེད་དགོས་པ་དང༌། དེ་བཞིན་བོད་ཀྱི་གངས་རིན་པོ་ཆེ་དང༌། མ་ཕམ་གཡུ་མཚོ་བཅས་ལ་གནས་མཇལ་དུ་བསྐྱོད་མཁན་རྣམས་ལ་དྭགས་ཀྱི་བདེ་མཆོག་དང་ཆུ་ཤུལ་བརྒྱུད་ནས་འགྲོ་བསྐྱོད་ཆོག་པ་བཟོ་དགོས་པའི་འབོད་སྐུལ་ཞུས་འདུག།
ལ་དྭགས་ནི་ད་ལྟ་རྒྱ་གར་གྱི་བྱང་ཕྱོགས་ཇཱ་མུ་དང་ཀཤ་མིར་མངའ་སྡེའི་ཁོངས་སུ་ཡོད་ཅིང་། འོན་ཀྱང་ལ་དྭགས་ཀྱི་ས་ཆའི་བབས་དང་ཆོས་དང་རིག་གཞུང་སོགས་གང་གི་ཐད་ནས་ཇཱ་མུ་ཀཤ་མིར་ས་གནས་སྤྱི་བྱིངས་ཀྱི་གནས་སྟངས་དང་མི་འདྲ་བ་ཡིན་པར་མ་ཟད།  མངའ་སྡེའི་རྩ་ཁྲིམས་ཀྱི་ཐོག་ནས་ཀྱང་ལ་དྭགས་མི་རིགས་ཀྱི་ངོ་བོ་དང་། ས་ཆའི་གནས་བབས། ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་སྲུང་སྐྱོབ་བྱེད་ཆེད་འདེང་ངེས་མེད་པར་བརྟེན། རྒྱ་གར་དབུས་གཞུང་གི་ཐད་ཀའི་འཛིན་སྐྱོང་ས་ཁུལ་ཞིག་ཏུ་འགྱུར་ཚེ་ལ་དྭགས་མི་དམངས་ལ་མཁེ་ཕན་ཆེ་བ་ཡོད་པ་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎