རྒྱ་གར་སྲིད་བློན་གྱི་གསུང་བཤད་ལ་ངོ་རྒོལ་བྱས་ཡོད་པ།
2009.08.23
༄༅༎རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག་གིས་ཁ་བྲལ་རིང་ལུགས་པའི་བསམ་བློ་བཅང་མཁན་ཚོ་གནས་ཐབས་མེད་ལུགས་ཀྱི་གསུང་བཤད་ལ་ངོ་རྒོལ་མཚོན་ཆེད་རྒྱ་གར་གྱི་མངའ་འོག་ཏུ་ཡོད་པའི་ཀ་ཤི་མིར་ནང་ཟ་ཁང་ཚོང་ཁང་དང་སློབ་གྲྭ་སོགས་ཉིན་གཅིག་རིང་སྒོ་བརྒྱབ་འདུག
བདུན་ཕྲག་སྔོན་མའི་ནང་རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག་གིས་ཉེ་ལམ་ཀ་ཤི་མིར་ནང་འོས་བསྡུའི་ལས་རིམ་ནང་མི་མང་མང་པོ་བཞུགས་པར་གཞིགས་ན་ཁ་བྲལ་རིང་ལུགས་པའི་བསམ་བློ་བཅང་མཁན་ཚོ་ས་ནས་དེར་གནས་པའི་གོ་ཡུལ་མེད་པ་རེད་ཅེས་གསུང་བཤད་གནང་ཡོད་ཅིང་གསུང་བཤད་དེ་ནི་སྐྱོན་བརྗོད་འོས་པ་ཞིག་ཡིན་པར་ཧ་རི་ཡཏ་ཞེས་པའི་ཀ་ཤི་མིར་རང་བཙན་འཐབ་རྩོད་ཚོགས་པའི་འགོ་ཁྲིད་ཅིག་གིས་འགྲེལ་བརྗོད་གནང་འདུག ས་གནས་འོས་བསྡུའི་ལས་རིམ་ནང་ཡུལ་པ་ཚོས་ཆ་ཤས་བླངས་པ་ནི་ས་གནས་ཀྱི་གནད་དོན་སེལ་ཐབས་ཆེད་དུ་ཡིན་པ་ལས་རང་བཙན་བློས་གཏོང་བྱས་པ་མཚོན་གྱི་མེད་ལུགས་ཁ་བྲལ་ཤོག་ཁག་གི་འགོ་ཁྲིད་ཚོས་འགྲེལ་བརྗོད་བྱས་འདུག སྔར་ལོ་ཀ་ཤི་མིར་ས་གནས་ནང་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེ་བ་དང་དྲག་སྤྱོད་ཐེངས་མང་བྱུང་ཡོད་ཅིང་ཕྱི་ལོ་༡༩༨༩ལོར་ཀ་ཤི་མིར་ནང་ཁ་བྲལ་གྱི་ལས་འགུལ་འགོ་བཙུགས་བྱས་པ་ནས་བཟུང་ད་བར་མི་གྲངས་བཞི་ཁྲི་བདུན་སྟོང་གི་ཚེ་སྲོག་འཕྲོག་ཡོད་པ་རེད། རྒྱ་གར་གཞུང་གིས་ཁ་བྲལ་ལས་འགུལ་གྱི་འགོ་ཁྲིད་མང་ཆེ་བ་འཛིན་བཟུང་དོ་དམ་བཙོན་འཇུག་བྱེད་ཀྱི་ཡོད་ཅིང་དེ་ནི་ས་གནས་ཡུལ་མིའི་བདེ་འཇགས་སྲུང་སྐྱོབ་ཆེད་ཡིན་ལུགས་རྒྱ་གར་གཞུང་གིས་འགྲེལ་བརྗོད་གནང་གི་ཡོད་པ་རེད༎