རྒྱ་ནག་ནང་དམར་ཤོག་དྲུང་ཆེ་ཟུར་པ་ཞིག་རང་ཤི་རྒྱབ་འདུག
2014.09.19
རྒྱ་ནག་ནང་འདི་ལོའི་ཟླ་དང་པོ་ནས་བཟུང་ད་བར་དཔོན་རིགས་མི་གྲངས་༣༠་ཙམ་གྱིས་རང་ཤི་བརྒྱབ་ཡོད་པ་རེད་འདུག
དེ་ཡང་BBCགསར་ལས་ཁང་གིས་གནས་ཚུལ་སྤེལ་དོན། རྒྱ་ནག་ནན་ཅིན་གྲོང་ཁྱེར་ས་ཁུལ་དྲུག་པའི་དམར་ཤོག་དྲུང་ཆེ་ཟུར་པ་ལུ་ཞོའི་ཆོན་ཟླ་བ་འདིའི་ཚེས་༡༨་ཉིན་ཁྱིམ་དུ་གནམ་བཏགས་བརྒྱབས་ནས་རང་ཤི་བརྒྱབས་ཡོད་པ་དང་། ལུ་ཞོའི་ཆོན་ནི་ལོ་༥༠་ལ་སླེབས་ཀྱི་ཡོད་འདུག དེ་སྔ་ནན་ཅིན་གྲོང་ཁྱེར་གྱི་ཟམ་ཆེན་དོ་དམ་ཁང་གི་འགན་འཛིན་དང་། ནན་ཅིན་གྲོང་ཁྱེར་འགྲིམ་འགྲུལ་ལས་ཁང་གི་འགན་འཛིན། དམར་ཤོག་དྲུང་ཆེ་གཅིག་ལྕོག་བྱེད་མྱོང་བ་དང་། སྤྱི་༢༠༡༣་ལོར་ནན་ཅིན་གྲོང་ཁྱེར་ས་ཁུལ་དྲུག་པའི་དྲུང་ཆེར་འཁོད་ཡོད་པ་རེད། BBC གནས་ཚུལ་ནང་། རྒྱ་ནག་ཏུ་དཔོན་རིགས་རང་ཤི་རྒྱབ་པ་མང་རུ་འགྲོ་བཞིན་པའི་ཐད་ལ་དབྱེ་ཞིབ་བྱས་དོན་དུ། རང་ཤི་རྒྱབ་པ་དེ་ནི་རྒྱ་ནག་གི་དཔོན་རིགས་ནང་རྒྱུན་ལྡན་མ་ཡིན་པའི་རྐྱེན་འདས་ཕྱིན་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པ་རེད། འདི་ལོ་ཟླ་དང་པོ་ནས་བཟུང་རྒྱ་ནག་ཏུ་དཔོན་རིགས་༣༠་ཙམ་རང་ཤི་བརྒྱབ་ཡོད་ཅིང་། རང་ཤི་རྒྱག་སྟངས་ཀྱང་ཐོག་རྩེགས་ནས་མཆོངས་བ་དང་། གནམ་བདགས་རྒྱབ་པ་སོགས་ཡིན་པ་དང་། རང་ཤི་རྒྱབ་དགོས་པའི་རྒྱུ་མཚན་ནི་མང་ཆེ་བ་རྒྱུ་མཚན་ཇི་ཡིན་གསལ་པོ་མེད་པ་དང་། ཤེས་རྟོགས་བྱུང་བ་ནི་མང་ཆེ་ཕྱིའི་ལས་ཀ་དང་། ནང་ཁྱིམ་ཚང་གི་དཀའ་ངལ་སོགས་ཀྱི་རྐྱེན་པས་སེམས་མི་སྐྱིད་པ་དང་། གནོན་ཤུགས་འདེགས་འཁྱོག་མི་ཐུབ་པའི་པའི་གནས་ལུགས་བཤད་ཀྱི་ཡོད་པ་རེད། དྲ་གནས་དེའི་ཐོག་འདི་ལོའི་ནང་རང་ཤི་བརྒྱབ་མཁན་དཔོན་རིགས་འགའ་ཞིག་གི་གནས་ཚུལ་ཡང་ཞིབ་བཀོད་བྱས་འདུག
གསར་འགོད་པ་འཇམ་དཔལ་ཕུན་ཚོགས།