ཐའེ་ལྦན་གྱི་སྲིད་འཛིན་ཟུར་པའི་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་བྱས་པ།
2008.11.15
༄༅༎ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་ཌན་ཤུས་སྦེན་མཆོག་ལ་རྒྱབ་སྐྱོར་ཞུ་མཁན་མི་གྲངས་བརྒྱ་ལྷག་ཙམ་གྱིས་ལྐོག་བཟའ་ལྐོག་བརྔན་ལེན་པ་ནག་ཉེས་ཐད་ཁོང་བཀག་ཉར་བྱ་སའི་ཐའེ་པེ་གྲོང་ཁྱེར་ནང་གི་བཀག་ཉར་དེར་ཁ་ས་ཐའེེ་ལྦན་གྱི་གོ་མིང་ཏང་སྲིད་གཞུང་ལ་ངོ་རྒོལ་བྱས་ཡོད་པ་རེད།
ཐའེ་ལྦན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཌན་ཤུས་སྦེན་མཆོག་གིས་འདས་པའི་ལོ་མང་རིང་ཐའེ་ལྦན་གྱི་སྲིད་འཛིན་གནང་སྐབས་གཞུང་དངུལ་ལྐོག་བཟས་བྱས་པའི་ནག་ཉེས་ཐད་ཉེ་ཆར་གཟའ་ལྷག་པའི་ཉིན་ཁོང་འཛིན་བཟུང་བྱས་རྗེས་བཀག་ཉར་ཁང་ནང་བཟང་བཙོན་ལྟར་བཞག་ཡོད་པ་རེད། འོན་ཀྱང་ཁོང་འཛིན་བཟུང་བཀག་ཉར་བཞག་པ་དེ་ནི་རྒྱ་ནག་གི་དངོས་ཤུགས་ཟུལ་སྦྲེལ་གྱི་གནོན་ཤུགས་དང་ཐའེ་ལྦན་གྱི་གོ་མིང་ཏང་སྲིད་གཞུང་གིས་ཆབ་སྲིད་དགོས་དབང་གྲུབ་རྒྱུའི་དམིགས་ཡུལ་ངེས་ཅན་བཟུང་སྟེ་ཁོང་ལ་མིང་བྱད་ངན་པ་བཟོ་རྒྱུའི་ཐབས་བྱུས་བཏིང་བ་ཡིན་ལུགས་ཁོང་རང་ཉིད་དང་ཁོང་གི་རྒྱབ་སྐྱོར་བ་ཚོས་བསམ་ཚུལ་གཅིག་བསྒྲགས་བརྗོད་ཀྱི་ཡོད་པ་རེད། སྐུ་ཞབས་ཌན་ཤུས་སྦེན་མཆོག་ནི་ཐའེ་ལྦན་གྱི་དབུ་ཁྲིད་འཛིན་བཟུང་བྱས་པ་ཐའེ་ལྦན་གྱི་ལོ་རྒྱུས་ནང་བྱུང་བ་དང་པོ་དེ་ཡིན་པ་དང་ཁོང་གི་ཚོགས་པས་ཟླ་བ་འདིའི་ཚེས་ཉི་ཤུ་གཉིས་ཉིན་ཐའེ་པེ་གྲོང་ཁྱེར་ནང་ཁོང་ལ་རྒྱབ་སྐྱོར་ཞུ་རྒྱུའི་གཞི་རྒྱ་ཆེ་བའི་མང་ཚོགས་ཀྱི་རྔམ་སྟོན་ཁྲོམ་བསྐོར་ཆེན་པོ་ཞིག་སྤེལ་རྒྱུའི་འཆར་གཞི་ཡོད་པ་རེད༎