འབར་མའི་ནང་ཆབ་སྲིད་ཀྱི་མཐུན་སྒྲིལ་ཡོང་བའི་རེ་སྐུལ།

འབར་མའི་དམངས་གཙོ་དོན་གཉེར་བའི་དབུ་འཁྲིད་ཀྱིས་འབར་མའི་ནང་ཆབ་སྲིད་ཀྱི་མཐུན་སྒྲིལ་ཡོང་བའི་རེ་སྐུལ་གནང་བཞག

2012.04.02

༄༅༎ཁ་ས་འབར་མའི་འོས་བསྡུའི་ནང་རྒྱལ་ཡོངས་དམངས་གཙོ་ཚོགས་པར་རྒྱལ་ཁ་ཐོབ་རྗེས། དེ་རིང་འབར་མའི་དམངས་གཙོ་དོན་གཉེར་བའི་དབུ་འཁྲིད་ལྕམ་ཨོང་སན་སུ་ཅི་མཆོག་གིས་འབར་མའི་ནང་དུས་རབས་གསར་པ་ཞིག་ཤར་བར་ངོས་འཛིན་དང་བཅས་ཆབ་སྲིད་ཀྱི་མཐུན་སྒྲིལ་ཡོང་བའི་རེ་སྐུལ་གནང་བཞག།
རེས་གཟའ་ཉི་མའི་ཉིན་གྱི་འབར་མའི་གྲོས་ཚོགས་ཀྱི་ཁ་སྐོང་འོས་བསྡུའི་ནང་ལྕམ་ཨོང་སན་སུ་ཅི་ལ་རྒྱལ་ཁ་ཐོབ་གནང་བ་དེར། ཁོང་ལ་རྒྱབ་སྐྱོར་ཞུ་མཁན་ཚོས་ཁ་ས་དགོང་མོ་མཚན་གང་རྟེན་འབྲེལ་དགའ་སྟོན་གནང་འདུག། ལྕམ་སུ་ཅི་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པ་གཞུང་འབྲེལ་ཐོག་ནས་གཏན་འབེབས་བྱུང་བའི་མཚམས་དེར། ཡུན་རིང་དྲག་པོའི་སྲིད་གཞུང་གིས་དབང་བསྒྱུར་བྱས་པའི་འབར་མའི་ཡུལ་ནང་ཆབ་སྲིད་ལ་འགྱུར་བ་ཕྱིན་པའི་གནས་ཚུལ་གསར་ཤོས་དེ་ཆགས་རྒྱུ་ཡིན་པ་རེད།
རྒྱལ་ས་ཡཱང་ཨོན་ནང་ཡོད་པའི་འབར་མའི་དམངས་གཙོ་ཚོགས་པའི་ལས་ཁང་ལྟེ་བར། ལྕམ་སུ་ཅི་ཡིས་ རྒྱལ་ཁའི་གསུང་བཤད་གནང་སྐབས། ད་རེས་ཀྱི་རྒྱལ་ཁ་དེ་ནི་རྒྱལ་ཁབ་ཀྱི་ཆབ་སྲིད་བཅོས་བསྒྱུར་གྱི་ལས་དོན་ནང་མཉམ་ཞུགས་བྱ་རྒྱུའི་འདེམས་ཀ་བྱེད་མཁན་མང་ཚོགས་ཀྱི་རྒྱལ་ཁ་ཞིག་ཡིན་པ་ལས། ཚོགས་པའི་རྒྱལ་ཁ་ཞིག་མ་རེད་ཅེས་གསུངས་ཡོད་པ་དང༌། ཡང་ཁོང་གིས་ དེ་རིང་ནས་བཟུང་འབར་མའི་ནང་དུས་རབས་གསར་པ་ཞིག་ཤར་བའི་རེ་བ་ཡོད་ཅེས་གསུངས་བཞག།
དམག་དོན་དང་དམག་མིའི་ཕྱོགས་གཏོགས་འཐུས་མིའི་གྲངས་ཀ་མང་བ་ཡོད་པའི་འབར་མའི་རྒྱལ་ཡོངས་གྲོས་ཚོགས་ནང་ལྷན་བཞུགས་གནང་རྒྱུའི་གྲ་སྒྲིག་གནང་བཞིན་པའི་ལྕམ་ཨོང་སན་སུ་ཅི་ཡིས་ ཆབ་སྲིད་ཚོགས་པ་གཞན་ཚོ་དང་མཐུན་འབྲེལ་གནང་རྒྱུའི་རྣམ་འགྱུར་བཏོན་གནང་སྟེ། སླད་ཕྱིན་འབར་མའི་ནང་དོན་སྙིང་ལྡན་པའི་དམངས་གཙོའི་ལམ་སྲོལ་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཐུབ་རྒྱུར་འོས་བསྡུའི་འགྲན་རྩོད་ནང་མཉམ་ཞུགས་གནང་མཁན་ཆབ་སྲིད་ཚོགས་པ་ཚང་མས་དམངས་གཙོ་ཚོགས་པ་དང་མཉམ་འབྲེལ་དམ་གཟབ་གནང་བའི་རེ་བ་ཡོད་ཅེས་གསུངས་བཞག།
ཁ་ས་གནང་བའི་ འབར་མའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཁ་སྐོང་འོས་བསྡུའི་དངོས་གཞིའི་གྲུབ་འབྲས་ད་ལྟ་གཞུང་འབྲེལ་ཐོག་ནས་གསལ་བསྒྲགས་གནང་མེད་ནའང། གྲོས་ཚོགས་འཐུས་མི་༤༤འགྲན་རྩོད་ནང་ནས་ལྕམ་སུ་ཅིའི་ཚོགས་པར་གདན་གྲངས་༤༣ཐོབ་ཡོད་པའི་ཚོད་དཔག་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎