འབར་མའི་ལྕམ་སུ་ཀིས་བསྐྱར་དུ་ཁྲིམས་གཏུགས་གནང་འཆར།
2009.08.12
༄༅༎འབར་མའི་དམངས་གཙོ་དོན་གཉེར་བ་དབུ་ཁྲིད་ལྕམ་ཨང་སན་སུ་ཀི་ཡིས་འབར་མའི་དྲག་པོའི་སྲིད་གཞུང་གིས་ཁོང་ཐོག་ནག་ཉེས་བཙུགས་ནས་ཟླ་བ་བཅོ་བརྒྱད་རིང་མུ་མཐུད་བཟང་བཙོན་འོག་བཞུགས་རྒྱུའི་ཁྲིམས་ཐག་བཅད་པ་དེའི་ཐད་བསྐྱར་དུ་ཁྲིམས་གཏུགས་གནང་རྒྱུ་ཡིན་སྐོར་ཁོང་གི་ཁྲིམས་རྩོད་པ་དེ་རིང་གསུངས་བཞག
ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་སྣེ་འཁྲིད་པའི་འཛམ་གླིང་ཁྱོན་ཡོངས་ཀྱི་དབུ་འཁྲིད་མང་པོ་ཞིག་ནས་འབར་མའི་དྲག་པོའི་སྲིད་གཞུང་གིས་ལྕམ་སུ་ཀི་བཟང་བཙོན་འོག་ཟླ་བ་བཅོ་བརྒྱད་རིང་མུ་མཐུད་འཇོག་རྒྱུའི་ཐག་གཅོད་བྱས་པ་དེར་བློ་འཚབ་དང་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་ཅིང་ཐག་གཅོད་དེས་འབྱུང་འགྱུར་ཉིས་སྟོང་བཅུ་ལོར་འབར་མའི་ནང་རྒྱལ་ཡོངས་འོས་བསྡུ་ཆེན་མོ་བྱ་རྒྱུ་ཡིན་པའི་སྐབས་དེར་ལྕམ་སུ་ཀི་མཉམ་བཞུགས་གནང་མི་ཐུབ་རྒྱུའི་ཆེད་མངགས་བཟོས་པ་ཞིག་ཡིན་པ་ངོས་འཛིན་གནང་གི་ཡོད་པ་རེད།
རྒྱལ་ས་ཡང་གུན་ནང་ལྕམ་སུ་ཀི་ཡི་ཁྲིམས་རྩོད་པ་ནིཡེན་ལྦིན་གྱིས་སྲིད་གཞུང་ནས་ཁྲིམས་ཐག་བཅད་པ་དེ་འདོད་བློ་འཚིམས་པ་ཞིག་བྱུང་མེད་སྟབས་ལྕམ་སུ་ཀི་ཡི་ཁྲིམས་རྩོད་ཚོགས་ཆུང་གིས་ཁྲིམས་གཅོད་དེའི་ཐད་བསྐྱར་དུ་ཞུ་གཏུགས་གནང་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་བཞག
འབར་མའི་ཨིན་སེན་བཙོན་ཁང་ནང་གི་ཁྲིམས་ཁང་གིས་ཁ་སྔོན་ཨ་རི་བ་ཞིག་གིས་ལྕམ་སུ་ཀིའི་གཟིམ་ཤག་ཏུ་སིམ་འཛུལ་བྱས་པའི་ནག་ཉེས་འོག་ལྕམ་སུ་ཀིའི་ཐོག་ལོ་གསུམ་རིང་ངལ་རྩོལ་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད་རུང་འབར་མའི་དམག་སྤྱི་ཐེན་ཤ་ལྦེ་ཡིས་ཉེས་པ་བཟོད་ཡང་བཏང་ནས་ལྕམ་སུ་ཀི་དུས་ཡུན་ཟླ་བ་བཅོ་བརྒྱད་རིང་བཟང་བཙོན་འོག་འཇོག་རྒྱུའི་ཐག་གཅོད་བྱས་ཡོད་པ་རེད།
དེ་བཞིན་ལོ་བདུན་རིང་བཙོན་འཇུག་གི་ཉེས་ཆད་ཕོག་པའི་ཨ་རི་བ་དེའི་ཁྲིམས་རྩོད་པས་ཀྱང་ཉེས་པ་གུ་ཡང་ཡོང་རྒྱུའི་ཁྲིམས་ཁང་ལ་ཞུ་གཏུགས་བྱ་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག།