བལ་ཡུལ་ནང་ཕག་པའི་ཆམ་ནད་ཕོག་པའི་ནང་པ་མང་དུ་འགྲོ་བ།
2009.07.11
༄༅༎བལ་ཡུལ་ནང་ཕག་པའི་ཆམ་ནད་ཕོག་པའི་གྲངས་ཚད་མང་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་བལ་ཡུལ་གྱི་འཕྲོད་བསྟེན་ལས་ཁུངས་ནས་སྤྱི་བསྒྲགས་སྤེལ་བའི་ནང་རེས་གཟའ་པ་སངས་ཉིན་ལོ་ན་བདུན་བཅུ་དོན་བཞིར་སོན་པའི་བུད་མེད་རྒས་གོག་ཅིག་དང་ལོ་ན་ཉི་ཤུ་རྩ་གཅིག་ལ་སོན་པའི་ན་གཞོན་ཞིག་ཨ་རི་ནས་ཕྱིར་ལོག་པའི་རྗེས་བརྟག་དཔྱད་བྱེད་པ་བརྒྱུད་ས་ལྦན་ཕུ་ལུ་འམ་ཕག་པའི་ཆམ་ནད་ཀྱི་ནད་འབུ་ཡོད་པའི་བརྩད་ཆོད་ཡོད་པ་ལྟར་ཁོང་གཉིས་ཟུར་འཇོག་གིས་སྨན་བཅོས་བྱེད་མུས་ཡིན་འདུག
དེའི་གོང་ནད་རྟགས་ཡོད་པའི་མི་གྲངས་འགའ་ཤས་བྱུང་ཡོད་པ་རྣམས་སྐབས་མཚམས་བརྩད་ཆོད་པར་བརྟེན་ལམ་སེང་སྨན་བཅོས་ཀྱི་མཐུན་རྐྱེན་སྦྱོར་སྤྲོད་བྱས་ཡོད་ལུགས་གསུངས་འདུག
ད་བར་བལ་ཡུལ་ནང་ནད་འདི་ཕོག་པའི་མི་གྲངས་བརྩད་ཆོད་ཐུབ་པ་མི་གྲངས་དགུ་ཙམ་ཆགས་ཀྱི་ཡོད་འདུག
ཕག་པའི་ཆམ་ནད་དམ་ཡོངས་གྲགས་སུ་ས་ལྦན་ཕུ་ལུ་ཞེས་པའི་ནད་གཞི་དེ་བཞིན་ལམ་སེང་བརྩད་ཆོད་ནས་སྨན་བཅོས་བྱེད་ཐུབ་ཚེ་ཉེན་ཁ་དེ་ཙམ་མེད་པ་དང་གལ་ཏེ་སྨན་བཅོས་བྱེད་མི་ཐུབ་པར་ནར་འགྱངས་ཕྱིན་པ་ཡིན་ན་གཅིག་ནས་གཅིག་བརྒྱུད་འགོས་ཀྱི་ཡོད་པའི་ནད་གཞི་ཞིག་ཡིན་པ་རེད།