སུད་སི་ནས་བོད་དོན་བློ་འཚབ་ཡོད་སྐོར་གསུངས།
2012.09.21
༄༅། །དེ་ཡང་སུད་བོད་མཛའ་གྲོགས་མཐུན་ཚོགས་ནས་གསུང་པར། ཕྱི་ཚེས་༡༢ ཉིན་སུད་སི་གྲོས་ཚོགས་འཚོགས་པའི་སྐབས་དྲི་བ་དྲི་ལན་གྱི་དུས་ཚོད་རིང་ལ་སུད་སི་གྲོས་ཚོགས་ནང་དུ་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཚོས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་སྐོར་གླེང་སློང་གནང་བའི་སྐབས་སུད་སི་གཞུང་ཕྱོགས་ནས་ཀྱང་བློ་འཚབ་ཡོད་པའི་བཀའ་མོལ་གསུང་ཡོད་ཅིང༌། ད་དུང་དྲི་བ་དྲི་ལན་གྱི་དུས་ཚོད་དེའི་སྐབས། སུད་སི་གྲོས་ཚོགས་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཚོས་བོད་ནང་གི་དཀའ་ངལ་གྱི་གནས་སྟངས་ཐོག་ལ་གླེང་སློང་གཙོ་བོར་གནང་བ་མ་ཟད། བོད་ནང་གི་དཀའ་ངལ་ལ་ཉེན་ཁ་གཟིགས་ཀྱི་ཡོད་པའི་སྔོན་བརྡ་བཏང་བ་དང་ཆབས་ཅིག སུད་སི་གཞུང་ཕྱོགས་ནས་ཐུགས་སྣང་གནང་དགོས་པ་ནན་ཏན་གསུང་ཡོད་པ་རེད།
སུད་སི་ཕྱི་སྲིད་བློན་ཆེན་ནས། ཕྱི་ཚེས་༡༧ ཉིན་ལན་འདེབས་གནང་བའི་ནང༌། ཁྱེད་ཚོས་བློ་འཚབ་གནང་བ་ཇི་བཞིན་སུད་སི་གཞུང་ཕྱོགས་ནས་ཀྱང་བློ་འཚབ་གནང་གི་ཡོད་ལ། ལྷག་དོན་རང་ལུས་མེར་སྲེག་གཏོང་བའི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པའི་ཐད་ལའང་བློ་འཚབ་གནང་གི་ཡོད་ཅེས་གསུང་ཡོད་པ་རེད། །