ཤེས་རིག་ལས་ཁུངས་ཀྱིས་བོད་མིའི་སློབ་གྲྭའི་ཤེས་ཡོན་ཡར་རྒྱས་གཏོང་ཐབས་ཀྱི་བགྲོ་གླེང་སྐོང་ཚོགས་གནང་བ།

2024.12.05
ཤེས་རིག་ལས་ཁུངས་ཀྱིས་བོད་མིའི་སློབ་གྲྭའི་ཤེས་ཡོན་ཡར་རྒྱས་གཏོང་ཐབས་ཀྱི་བགྲོ་གླེང་སྐོང་ཚོགས་གནང་བ། བོད་མིའི་སློབ་གྲྭའི་ཤེས་ཡོན་ཡར་རྒྱས་གཏོང་ཐབས་ཀྱི་བགྲོ་གླེང་སྐབས། ༢༠༢༤།༡༢།༠༥
RFA/ Dorjee Dolma

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་བོད་པའི་སློབ་གྲྭའི་ཤེས་ཡོན་ཡར་རྒྱས་གཏོང་ཐབས་ཀྱི་ཆེད་དོན་བགྲོ་གླེང་ཞིག་ཟླ་ ༡༢ ཚེས་ ༥ དང་ ༦ བཅས་ཉིན་གཉིས་རིང་ནོར་བུ་མགྲོན་ཁང་གི་ཞི་བདེ་ཚོགས་ཁང་དུ་འཚོགས་གནང་ཡོད་པ་དང་། ཆེད་དོན་བགྲོ་གླེང་གི་ཚོགས་འདུ་འདི་ཐོག་༸སྐྱབས་རྗེ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཆེད་ཕེབས་ཀྱིས། “བོད་པའི་སློབ་ཕྲུག་ཚོར་མི་རབས་རྗེས་མའི་བོད་པ་ཙམ་མིན་པར་འཛམ་གླིང་ཡོངས་ཀྱི་ཞབས་འདེགས་སྒྲུབ་ཆེད་བོད་ཀྱི་སྐད་ཡིག་དང་ནང་པའི་བཀའ་བསྟན་རྣམས་སྲུང་སྐྱོབ་དགོས་པའི་དམིགས་བསལ་འགན་ཞིག་ཀྱང་ཡོད་ཅིང་། ཤེས་ཡོན་གྱི་དགོས་པ་ནི་བྱམས་བརྩེ་ལྡན་པའི་མི་ཞིག་བཟོ་རྒྱུ་ཡིན་ཏེ། དེ་ཡོང་བར་ཀླད་པའི་སྦྱོང་བརྡར་ལས་ལྷག་ནང་སེམས་བཅོས་འགྱུར་གྱི་སྦྱོང་བརྡར་སྤྲོད་རྒྱུ་གལ་ཆེན་པོ་ཡིན་པ་དང་། སློབ་སྦྱོང་བྱེད་སྐབས་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་རྨོངས་དད་ཀྱི་དབང་དུ་མ་ཤོར་བར་སློབ་མ་རྣམས་རང་རེའི་རྣམ་དཔྱོད་བེད་སྤྱོད་བྱས་པའི་སྒོ་ནས་ཤེས་པ་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

ཐེངས་འདིར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་ཆེད་དོན་བགྲོ་གླེང་གི་དམིགས་ཡུལ་གཙོ་བོ་ནི། བོད་པའི་སློབ་གྲྭ་ཁག་གི་ནང་གཙོ་བོ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྒྱུ་རྩལ་སོགས་གོང་འཕེལ་གཏོང་ཐབས་དང་།  རྨང་གཞིའི་སྐད་ཡིག་དང་རྩིས་རིག་པ་ཡར་རྒྱས་གཏོང་ཐབས། སློབ་གྲྭ་ཁག་གི་ནང་དགེ་རྒན་གི་སློབ་ཁྲིད་དང་སློབ་གྲྭའི་སློབ་སྤྱི་དང་དགེ་ཆེའི་ནུས་པ་གོང་འཕེལ་གཏོང་ཐབས། དེ་བཞིན་བཙན་བྱོལ་བོད་པའི་སློབ་གྲྭ་ཁག་གི་ནང་སློབ་ཕྲུག་ཇེ་ཉུང་དུ་འགྲོ་བཞིན་ཡོད་སྟབས། དེར་གདོང་ལེན་སླད་ཤེས་ཡོན་གྱི་སྤུས་ཚད་དང་འཛིན་སྐྱོང་སོགས་ཡར་རྒྱས་གཏོང་ཐབས་ཀྱི་ཐབས་ལམ་གང་ཡོད་མེད། སློབ་གྲྭ་ཁག་གི་ནང་དམིགས་གསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་ཇེ་མང་དུ་འགྲོ་བཞིན་ཡོད་པས་དེ་ལ་གདོང་ལེན་ཇི་ལྟར་གནང་དགོས་མིན་སོགས་ཀྱི་ཆེད་དུ་ཡིན་པ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང།

རྩ་བའི་ཆེད་དོན་བགྲོ་གླེང་དེའི་ཐོག་ཤེས་ཡོན་གྱི་ཆེད་ལས་པའི་ཁོངས་སུ་བོད་པའི་མཁས་པ་དང་རྒྱ་གར་བའི་མཁས་པ་ཁྱོན་ ༨ ཆེད་ཕེབས་གནང་ཡོད་འདུག

གསར་འགོད་པ། རྡོ་རྗེ་སྒྲོལ་མ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎