རྒྱ་ནག་དང་ཐའེ་ལྦན་དབར་ཚོང་དོན་གྲོས་མོལ་ཐེངས་གཉིས་པ།
2010.03.31
༄༅༎རྒྱ་ནག་དང་ཐའེ་ལྦན་དབར་ཚོང་དོན་གྲོས་མཐུན་ཐོག་གྲོས་མོལ་ཐེངས་གཉིས་པ་དེ་ཐའེ་ལྦན་གྱི་ཐའོ་ཡོན་ས་གནས་ནང་དེ་རིང་འགོ་བཙུགས་གནང་ཡོད་པ་དང་གྲོས་མོལ་གཙོ་བོ་ECFAཞེས་པའི་རྒྱ་ནག་དང་ཐའེ་ལྦན་དབར་ཚོད་དོན་གྱི་གྲོས་མཐུན་འཇོག་རྒྱུའི་གྲོས་ཆོད་ཁག་གི་ཐོག་ཕན་ཚུན་བསམ་ཚུལ་སྤེལ་རེས་དང་ཕྱོགས་གཉིས་ཀྱི་སྐུ་ཚབ་དཔོན་རིགས་དབར་གྲོས་དོན་དེའི་ཐོག་ལག་རྩལ་དང་ལས་དོན་ཁག་གི་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་པ་རེད་
གྲོས་མོལ་བྱེད་སའི་ཐའོ་ཡོན་རྫོང་ནང་བདེ་འཇགས་སྲུང་སྐྱོབ་ཀྱི་ཉེན་རྟོག་འཕོན་ཆེ་འགྲེམས་འཇོག་བྱས་ཡོད་པ་མ་ཟད་ལམ་ཆེན་དང་གྲོས་མོལ་བྱེད་སའི་རྒྱུད་ཀྱི་ལམ་ཁ་ཚང་མ་བཀག་སྡོམ་བྱས་ཡོད་པ་རེད་ ཡིན་ནའི་ངོ་རྒོལ་བྱེད་མཁན་མི་འབོར་གང་འཚམ་ཞིག་ལམ་ཆེན་ཐོག་བསྐྱོད་ས་ཞིག་དུ་འདུ་འཛོམས་ཀྱིས་ངོ་རྒོལ་སྐད་འབོད་སོགས་བྱས་ནས་རྒྱ་ནག་དང་ཐའེ་ལྦན་དབར་ཚོང་དོན་གྲོས་ཆོད་འཇོག་མིན་ཐེ་དབན་མི་མང་གིས་འོས་ཤོག་དབྱུག་ནས་ཐག་གཅོད་བྱེད་དགོས་ལུགས་སོགས་ཀྱི་དགོས་འདུན་བཏོན་ཡོད་པ་རེད་ ཐའེ་ལྦན་གཞུང་གིས་ཧུར་བརྩོན་དང་ཐའེ་ལྦན་དམངས་ཁྲོད་དུ་ECFAཞེས་པའི་ཐའེ་ལྦན་དང་རྒྱ་ནག་དབར་དཔལ་འབྱོར་དང་ཚོང་དོན་གྲོས་མཐུན་ཐོག་གྲོས་ཆོད་འཇོག་རྒྱུ་དེས་ཐའེ་ལྦན་ལ་ཁེ་ཕན་ཡོད་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ་དང་དེ་བཞིན་ཐའེ་ལྦན་ནང་གི་བཟོ་གྲ་དང་ཚོང་པའི་ཚོགས་སྡེ་ཁག་གིས་ཀྱང་དེར་རྒྱབ་སྐྱོར་གྱི་དྲིལ་བསྒྲགས་ལས་དོན་མང་པོ་ཞིག་སྤེལ་ཡོད་ན་ཡང་ཐའེ་ལྦན་མང་ཚོགས་མང་པོ་ཞིག་གིས་དེར་ངོ་རྒོལ་གྱི་རྣམ་འགྱུར་བཏོན་གྱི་ཡོད་པ་རེད་ ངོ་རྒོལ་བྱེད་མཁན་ཁྲོད་དཔལ་འབྱོར་གནས་སྟངས་ཐོག་ནས་གྲོས་ཆོད་དེ་རིགས་འཇོག་རྒྱུར་དོན་དངོས་ཐའེ་ལྦན་གྱི་དཔལ་འབྱོར་གནས་སྟངས་ལ་ཕན་ཐོགས་ཡོང་རྒྱུ་མེད་པར་མ་འོངས་པར་ཐའེ་ལྦན་གྱི་དཔལ་འབྱོར་རང་དབང་གི་ཅན་གྱི་གནས་སྟངས་དེ་ཡང་རྒྱ་ནག་གི་བཀོད་ཇུས་འོག་བསྐྱོད་དགོས་པའི་གནས་སུ་སླེབས་རྒྱུར་སེམས་འཚབ་བྱེད་མཁན་དང་དེ་བཞིན་མང་ཚོགས་དང་ཚོགས་སྡེ་མང་པོ་ཞིག་གིས་གྲོས་ཆོད་དེ་རིགས་འཇོག་རྒྱུ་དེས་མ་འོངས་ཐའེ་ལྦན་གྱི་བདག་དབང་གནད་དོན་ཐོག་པེ་ཅན་ལ་བསྟུན་དགོས་ཡས་ཤིག་ཆགས་རྒྱུར་སེམས་འཚབ་ཀྱིས་རྒྱ་ནག་དང་ཐའེ་ལྦན་དབར་ཚོང་དོན་དང་དཔལ་འབྱོར་གྱི་གྲོས་ཆོད་འཇོག་རྒྱུར་ངོ་རྒོལ་བྱེད་ཀྱི་ཡོད་འདུག