ཐའེ་ལྦན་དང་རྒྱ་ནག་རྡུལ་ཕྲན་ཉེན་ཁའི་འགན་སྲུང་མཉམ་ལས།
2011.04.05
༄༅༎ཐའེ་ལྦན་དང་རྒྱ་ནག་གཉིས་པོས་རྡུལ་ཕྲན་ནུས་ཤུགས་ཀྱི་ཉེན་ཁ་འགན་སྲུང་གི་ལས་དོན་མཉམ་ལས་བྱ་རྒྱུ་སྔར་བས་འབྲེལ་ལམ་ཉེ་རུ་གཏོང་རྒྱུའི་འཆར་གཞི་ཡོད་པའི་སྐོར་དེ་རིང་ཕེ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།
དེ་ཡང་ཉེ་ཆར་ཉི་ཧོང་ནང་དུ་ས་ཡོམ་གྱི་གནོད་འཚེས་རྐྱེན་པས་རྒྱ་མཚོའི་རྦ་རླབས་ཀྱི་གནོད་འཚེ་ཚབས་ཆེ་བྱུང་བའི་རྗེས། རྡུལ་ཕྲན་ནུས་ཤུགས་གི་བཟོ་གྲ་འབར་གས་བྱུང་སྟེ། དེ་ནས་འགྲོ་བ་མིའི་བདེ་ཐང་ལ་གནོད་འཚེ་བཟོ་བའི་རྫས་འགྱུར་འདོན་པའི་ཛ་དྲག་གི་དོན་རྐྱེན་བྱུང་བར་བརྟེན་ནས། རྒྱ་གར་དང་རྒྱ་ནག ཐའེ་ལྦན་སོགས་ཡུལ་གྲུ་ཁག་གིས་རྡུལ་ཕྲན་ནུས་ཤུགས་ཀྱི་བཟོ་གྲའི་ཉེན་ཁའི་ཐོག་ལ་དོ་སྣང་ཆེན་པོ་བྱེད་པ་བཞིན། འདི་ལོའི་ལོ་མཇུག་ཏུ་ཐའེ་ལྦན་དང་རྒྱ་ནག་གཉིས་པོའི་ཆེས་མཐོའི་གྲོས་མོལ་སྐུ་ཚབ་མཇལ་འཛོམས་སྐབས་ཕྱོགས་གཉིས་པོའི་གཞུང་འབྲེལ་གྱི་ཐོག་ནས་རྡུལ་ཕྲན་ནུས་ཤུགས་ཀྱི་ཉེན་ཁ་འགན་སྲུང་གི་ལས་དོན་མཉམ་ལས་བྱ་རྒྱུའི་གྲོས་མོལ་བྱ་རྒྱུ་གོ་སྒྲིག་བྱ་རྒྱུ་མ་ཟད། སྐུ་ཚབ་གཉིས་པའི་ཐོག་ནས་གྲོས་ཆོད་ལ་མཚན་རྟགས་རྒྱབ་རྒྱུ་ཡིན་པ་རེད། རྡུལ་ཕྲན་ནུས་ཤུགས་ཀྱི་ཉེན་ཁ་འགན་སྲུང་གི་ལས་དོན་མཉམ་ལས་བྱ་རྒྱུའི་གྲོས་ཆོད་དེའི་ནང༌། ཐའེ་ལྦན་རྡུལ་ཕྲན་ནུས་ཤུགས་ལྷན་ཁང་དང་རྒྱ་ནག་གི་རྡུལ་ཕྲན་ནུས་ཤུགས་ལྷན་ཁང་གཉིས་པོ་ཕན་ཚུན་གོད་ཆགས་ཀྱི་ཉེན་ཁ་བརྡ་ལན་སྤྲོད་རེས་བྱ་རྒྱུ་དང་གནོད་འཚེ་ཆེ་རུ་མི་འགྲོ་བའི་ཆེད་དུ་ལས་དོན་མཉམ་ལས་བྱ་རྒྱུ་བཀོད་ཡོད་ཅིང༌། དེ་ལྟ་བུའི་མཉམ་ལས་ཀྱི་གྲོས་ཆོད་འཇོག་རྒྱུ་ནི། རྒྱ་ནག་གི་རྡུལ་ཕྲན་ནུས་ཤུགས་མང་ཆེ་བ་རྟེན་གཞི་བྱེད་ཡུལ་ནི་རྒྱ་ནག་གི་ལྷོ་ཤར་མཚོ་ཁའི་ས་ཁུལ་དུ་ཡོད་པ་དང༌། ས་ཁུལ་དེ་ནི་ཐའེ་ལྦན་ནས་ལམ་ཐག་ཀི་ལོ་མི་ཊར་༡༠༠ནས་༢༠༠མཚམས་སུ་ཡོད་པར་བརྟེན་ནས་ཕྱོགས་གཉིས་པོ་མཉམ་ལས་བྱ་རྒྱུ་དགོས་ངེས་ཀྱི་གནས་སྟངས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་ནང་སྔར་ཡོད་རྡུལ་ཕྲན་ནུས་ཤུགས་ཀྱི་བཟོ་གྲ་ཡོད་མུས་ཐོག་དེ་སྔོན་རྒྱ་ནག་གཞུང་གིས་རྡུལ་ཕྲན་ནུས་ཤུགས་ཀྱི་བཟོ་གྲ་གསར་པ་༢༠འཛུགས་སྐྲུན་བྱ་རྒྱུའི་འཆར་གཞིའི་གསལ་བསྒྲགས་བྱེད་མྱོང་ཡོད་པ་པར་བརྟེན་ནས་དམིགས་བསལ་ཐའེ་ལྦན་གྱི་སྲིད་འཛིན་མའ་དབྱིང་ཅོ་ཡིས་རྡུལ་ཕྲན་ནུས་ཤུགས་ཀྱི་འགན་སྲུང་ཡོང་ཐབས་ཐད་ཕྱོགས་གཉིས་པོ་མཉམ་ལས་བྱ་རྒྱུར་གྲོས་མོལ་བྱ་དགོས་པའི་ཛ་དྲག་གི་འབོད་སྐུལ་གནང་གི་ཡོད་པ་རེད།