༸གོང་ས་མཆོག་གི་མཛད་འཆར་ལ་རྒྱ་ནག་ནས་འགོག་རྐྱེན།
2009.09.02
༄༅༎རྒྱ་ནག་གིས་ཐའེ་ལྦན་ཐོག་༸གོང་ས་མཆོག་གི་མཛད་འཆར་ཁག་ཕྱིར་འཐེན་ཞུ་དགོས་རྒྱུའི་གནོན་ཤུགས་ཆེན་པོ་སྤྲོད་བཞིན་ཡོད་སྐོར་ཐའེ་ལྦན་ནང་གནས་ཞུགས་གནང་མཁན་བཙན་བྱོལ་བོད་མི་མང་སྤྱི་འཐུས་མཁས་གྲུབ་དོན་གྲུབ་ལགས་ཀྱིས་རོའུ་ཀྲར་གསར་ལས་ཁང་ལ་གསུངས་བཞག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེང་སྐབས་ཐའེ་ལྦན་ནང་ཆིབས་བསྒྱུར་བསྐྱངས་གནང་མཛད་སྟེ་མཚོ་རླུང་དྲག་ཆར་གྱི་གོད་ཆགས་ཕོག་པའི་ཡུལ་མི་འདས་སོན་ཚང་མའི་ཆེད་བསྔོ་སྨོན་གསོལ་འདེབས་དང་འབྲེལ་བའི་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་བཞིན་ཡོད་པ་ལྟར་ཉེ་ཆར་ཕྱི་ཟླ་བརྒྱད་པའི་འགོ་སྟོད་མཚོ་རླུང་དྲག་ཆར་སྐབས་རི་ཉིར་བའི་འོག་ཡུལ་པ་མི་གྲངས་ལྔ་བརྒྱ་བརྒལ་བ་ཞིག་སྡེབ་གཅིག་ལ་འདས་གྲོངས་འགྲོ་ཡུལ་ཧྲའོ་ལིན་གྲོང་གསེབ་ཁུལ་དུ་ཕྱི་ཚེས་སུམ་ཅུ་སོ་གཅིག་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གྱིས་གསོལ་འདེབས་སྨོན་ལམ་གནང་ཡོད་པ་མ་ཟད་ཁ་ས་ཕྱི་ཚེས་གཅིག་ཉིན་ཐའེ་ལྦན་ལྷོ་ཕྱོགས་ཀའོ་ཤུང་གྲོང་ཁྱེར་གྱི་རྩེད་ཁང་ཆེན་མོ་ཞིག་གི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་གནང་བའི་ཐོག་ནས་མང་ཚོགས་ཁྲི་གཅིག་ལྷག་ཙམ་འདུས་པའི་གསོལ་འདེབས་མཛད་སྒོ་གཞི་རྒྱ་ཆེན་པོ་ཞིག་ཀྱང་གནང་ཡོད་པ་རེད། རེས་གཟའ་ཕུར་བུའི་ཉིན་ཐའེ་ཕེ་ཉེ་འཁྲིས་ཐའོ་ཡོན་གྲོང་ཁྱེར་གྱི་རྩེད་ཁང་ཆེན་མོའི་ནང་ཐའེ་ལྦན་མང་ཚོགས་ཁྲི་གཅིག་ཙམ་ལ་༸གོང་ས་མཆོག་གིས་གསུང་བཤད་གནང་རྒྱུའི་མཛད་འཆར་ཕྱིར་འཐེན་གནང་ཡོད་སྐོར་ཐའེ་ལྦན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གསུངས་བཞག
༸གོང་ས་མཆོག་སྐུའི་ཚ་བོ་དང་བཙན་བྱོལ་བོད་མི་དམངས་སྤྱི་འཐུས་སྲས་མཁས་གྲུབ་ལགས་ཀྱིས་རྒྱ་ནག་གི་དཔོན་རིགས་ཚོས་༸གོང་ས་མཆོག་གི་ཐའེ་ལྦན་ནང་མང་ཚོགས་ལ་བཀའ་སློབ་གནང་རྒྱུ་སོགས་མཛད་འཆར་ཐད་བློ་འཚབ་ལངས་ནས་ཐའེ་ལྦན་ཐོག་གནོན་ཤུགས་སྤྲོད་བཞིན་ཡོད་པ་དེར་ཐའེ་ལྦན་གཞུང་གིས་ཉན་འཇོག་བྱས་པ་དེར་བློ་ཕམ་གསལ་བཏོན་གནང་བ་དང་འབྲེལ་ཐའེ་ལྦན་དེ་བཞིན་དམར་ཤོག་གི་ཡུལ་ཞིག་མ་ཡིན་པར་དམངས་གཙོའི་ལམ་སྲོལ་ལྡན་པའི་ཡུལ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་འདུག ཡང་ཁོང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་མགྲོན་བདག་རྒྱལ་ཁབ་ལ་མཛད་དཀའ་ནམ་ཡང་བཟོས་གནང་གི་མ་རེད་ཅེས་རོའུ་ཀྲར་གསར་ལས་ཁང་ལ་གསུངས་བཞག
ཐའེ་ལྦན་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཀྲོ་ནི་ལྦང་གིས་རྒྱ་ནག་ནས་ཐའེ་ལྦན་སྲིད་འཛིན་མ་ཡིང་ཇུ་ལ་ཏཱ་ལའི་བླ་མ་མཆོག་གི་མཛད་འཆར་ཐོག་འགོག་སྡོམ་ཞུ་རྒྱུའི་བཀོད་ཁྱབ་བྱས་མེད་པ་དང་སྲིད་འཛིན་ལས་ཁུངས་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཐག་གཅོད་ག་རེ་གནང་བ་ཡིན་ནའི་དེར་གུས་བརྩི་ཞུ་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་བཞག།