ཐེ་ཝན་གོ་མིན་ཏང་གི་དབུ་ཁྲིད་སྲིད་འཛིན་ཞེ་ཅེན་ཕེན་དང་ཐུག་རྒྱུ།
2015.04.24

ཐེ་ཝན་གྱི་གཞུང་འཛིན་གོ་མིན་ཏང་ཚོགས་པའི་ཚོགས་གཙོ་དང་རྒྱ་ནག་གི་སྲིད་འཛིན་དབར་ཐུག་འཕྲད་གནང་རྒྱུ་ཡིན་པ་རེད།
དེ་ཡང་ཚེས་༢༤ཉིན་གོ་མིན་ཏང་ཚོགས་པས་འབྲེལ་ཡོད་གནས་ཚུལ་ཕྱིར་བསྒྲགས་བྱས་པའི་ནང་། རྒྱ་ནག་གུང་ཁྲན་ཏང་ཚོགས་པས་གདན་ཞུ་བཞིན་གོ་མིན་ཏང་ཚོགས་པའི་ཚོགས་གཙོ་ཀྲུའུ་ཀླིས་ལུན་ཐེ་ཝན་གོ་མིན་ཏང་ཚོགས་པའི་སྐུ་ཚབ་ཚོགས་པ་ཞིག་གི་སྣེ་ཁྲིད་ནས་ཕྱི་ཟླ་ལྔ་པའི་ནང་པེ་ཅིན་དུ་ཕེབས་འཆར་ཡོད་པ་དང་། ཕྱི་ཟླ་ལྔ་པའི་ཚེས་༤ཉིན་རྒྱ་ནག་གི་སྤྱི་ཁྱབ་དྲུང་ཆེ་ཞེ་ཅིན་ཕེན་དང་ཐུག་འཕྲད་གནང་རྒྱུ་ཡིན་ཞིང་། དཔོན་རིགས་རྣམ་གཉིས་དབར་རྒྱ་ནག་དང་ཐེ་ཝན་དབར་གྱི་འབྱུང་འགྱུར་འབྲེལ་ལམ་གནད་དོན་དང་། ཕྱོགས་གཉིས་ཀྱི་མི་མང་གི་ཕན་བདེའི་གནད་དོན་སོགས་ཀྱི་ཐད་ཕན་ཚུན་བསམ་ཚུལ་སྤེལ་རེས་གནང་རྒྱུ་ཡིན་ལུགས་འཁོད་ཡོད་འདུག དེ་དང་འབྲེལ་ཐེ་ཝན་གྱི་གཞུང་འཛིན་གོ་མིན་ཏང་ཚོགས་པའི་ཚོགས་གཙོ་ཀྲུའུ་ཀླིས་ལུན་གྱིས་ཕྱི་ཟླ་ལྔ་པའི་ཚེས་༤འི་ཉིན་རྒྱབ་པེ་ཅིན་སློབ་གྲ་ཆེན་མོའི་སློབ་ཕྲུག་ཚོར་གཏམ་བཤད་གནང་རྒྱུ་སོགས་ཀྱི་ལས་རིམ་ཡོད་པ་འཁོད་འདུག འོན་ཀྱང་རྒྱ་ནག་གིས་སྲིད་འཛིན་ཞེ་ཅིན་ཕེན་དང་གོ་མིན་ཏང་ཚོགས་པའི་ཚོགས་གཙོའི་དབར་ཐུག་འཕྲད་བྱ་མིན་ར་འཕྲོད་ཁ་གསལ་བྱས་མེད་པ་དང་། རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ཧུང་ལེ་ཡིས་རྒྱུན་ལྡན་གྱི་གསར་འགོད་ལྷན་ཚོགས་ཐོག་ཚོགས་པ་གཉིས་ཀྱི་དཔོན་རིགས་མཐོ་གྲས་དབར་
ཕན་ཚུན་བསམ་ཚུལ་སྤེལ་རེས་གནང་རྒྱུ་དེ་ཧ་ཅང་གི་གལ་འགངས་ཆེན་པོ་ཞིག་ཡིན་པའི་སྐོར་བརྗོད་ཡོད་པ་རྒྱ་ནག་གི་ཐེ་ཝན་ལས་དོན་ལྷན་ཁང་གིས་གནས་ཚུལ་ལུང་འདྲེན་བྱས་ནས་ཕྱིར་བསྒྲགས་བྱས་ཡོད་པ་རེད།
ད་རེས་རྒྱ་ནག་གི་གུང་ཁྲན་ཏང་ཚོགས་པའི་ཚོགས་གཙོ་ཞེ་ཅིན་ཕེན་དང་ཐེ་ཝན་གོ་མིན་ཏང་ཚོགས་པའི་ཚོགས་གཙོའི་དབར་ཐུག་འཕྲད་གནང་ཡས་དེ་ཐོག་མ་ཞིག་ཡིན་པ་རེད།
གསར་འགོད་པ་འཆི་མེད།