རྒྱ་ནག་གཞུང་གིས་ཐེ་ཝན་མཚོ་གླིང་གི་ཉེ་འགྲམ་དུ་དམག་སྦྱོང་བྱས་པར་ཐེ་ཝན་གྱིས་ངོ་རྒོལ་བྱས་འདུག
དེ་ཡང་རོའུ་ཊར་གསར་ལས་ཁང་གིས་པེ་ཅིང་ནས་སྤེལ་བའི་གནས་ཚུལ་ལྟར་ན། འདི་ཚེས་༩རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་གིས་ཟླ་བ་གཅིག་གི་ནང་ཚུན་ཐེ་ཝན་མཚོ་གླིང་གི་ཉེ་འཁྲིས་སུ་བསྟུད་མར་ཐེངས་གཉིས་ལ་དམག་སྦྱོང་བྱས་ཚུལ་དང་། རྒྱ་ནག་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་ཐེ་ཝན་ནི་རྒྱ་ནག་གི་མངའ་ཁོངས་ཡིན་ལུགས་བཤད་ནས། དམག་དོན་དང་ཆབ་སྲིད། དཔལ་འབྱོར་སོགས་ཀྱི་གནོན་ཤུགས་སྤྲད་བཞིན་ཡོད་ཚུལ་བཀོད་འདུག དེའི་ཐད་ཐེ་ཝན་རྒྱལ་སྲུང་ལྷན་ཁང་གིས་འདས་པའི་ཆུ་ཚོད་༢༤འི་རིང། རྒྱ་ནག་གི་དམག་གི་གནམ་གྲུ ༥༧དང་དམག་གི་མཚོ་གྲུ་༤ཐེ་ཝན་མཚོ་གླིང་གི་ཉེ་འཁྲིས་སུ་བཅར་བ་མ་ཟད། དམག་གི་གནམ་གྲུ་༢༨ས་མཚམས་བརྒལ་ནས་ཐེ་ཝན་གྱི་བར་སྣང་དུ་བཙན་འཛུལ་བྱས་ཚུལ་འགྲེལ་བརྗོད་གནང་འདུག
ཐེ་ཝན་སྲིད་འཛིན་གཞུང་སྒྲུབ་ཁང་གིས་རྒྱ་ནག་གིས་གཞི་མེད་སྐྱོན་འཛུགས་བྱས་བ་དང་། ཐེ་ཝན་ཉེ་འཁྲིས་སུ་དམག་སྦྱོང་བསྟུར་མར་བྱས་པར་ངོ་རྒོལ་དང་འབྲེལ། ཐེ་ཝན་མཚོ་འགག་གི་བརྟན་བརླིང་དང་ཞི་བདེ་ནི་ཐེ་ཝན་དང་རྒྱ་ནག་ཐུན་མོང་གི་འོས་འགན་ཡིན་ཞེས་གསུངས་འདུག
རྒྱ་ནག་མི་དམངས་བཅིངས་གྲོལ་དམག་གི་ཤར་ཕྱོགས་དམག་ཁུལ་གྱིས་ཚེས་༨རེས་གཟའ་ཉི་མ་ཉིན། ཐེ་ཝན་མཐའ་འཁོར་གྱི་མཚོ་ཐོག་དང་བར་སྣང་དུ་འཐབ་འཁྲུག་ལ་རྟ་གོན་དང་དམག་དོན་དངོས་སྦྱོང་བྱེད་བཞིན་པ་ནི། མཉམ་འབྲེལ་འཐབ་འཁྲུག་གི་ནུས་པར་ཚོད་ལྟ་དང་། ཆབས་ཅིག་ཏུ་ཕྱིའི་སྟོབས་ཤུགས་དང་ཐེ་ཝན་རང་བཙན་ཁ་བྲལ་སྟོབས་ཤུགས་ལ་རྡུང་རྡེག་གི་ཆེད་དུ་ཡིན་ལུགས་ཚེས་དགུ་ཉིན་གསལ་བསྒྲགས་སྤེལ་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཐེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། ཉེ་ལམ་ནས་རྒྱ་ནག་གཞུང་གིས་ཐེ་ཝན་གྱི་མཁའ་དབྱིངས་དང་ཐེ་ཝན་མཚོ་གླིང་གི་ཉེ་འགྲམ་བཅས་ནས་ཡང་དང་བསྐྱར་དུ་དམག་སྦྱོང་དང་གནམ་གྲུས་སྐོར་གཡེང་བྱས་དང་བྱེད་བཞིན་པ་ནི། ཨ་མི་རི་ཀ་དང་ཡོ་རོབ་གྱི་དཔོན་རིགས་ཁག་གིས་བསྟུད་མར་ཐེ་ཝན་དུ་འཚམས་གཟིགས་གནང་བཞིན་པས། རྒྱ་ནག་གི་ཕྱོགས་ནས་དེ་ལ་མ་དགའ་བར་ཐེ་ཝན་ལ་འཇིགས་སྐུལ་དང་རྫིག་ཉམས་སྟོན་ཤུགས་ཆེ་རུ་སོང་བ་ཡིན་པར་ངོས་འཛིན་གནང་གི་འདུག གང་ལྟར་ཐེ་ཝན་གྱི་ཕྱོགས་ནས་དམག་གི་འཇིགས་སྐུལ་ལ་མགོ་བོ་ནམ་ཡང་སྒུར་རྒྱུ་མིན་པ་སྲིད་ཇུས་གསལ་བོ་བཟོས་ཟིན་པ་འགྲེལ་བརྗོད་གནང་བྱུང་།
ལོ་སྔོན་མའི་སྤྱི་ཟླ་༨པར་སྐབས་དེའི་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སེ་མཆོག་གིས་ཐེ་ཝན་ལ་གཟིགས་སྐོར་གནང་རྗེས། རྒྱ་ནག་གཞུང་གིས་ཐེ་ཝན་མཚོ་གླིང་གི་མཐའ་འཁོར་དུ་རྒྱུན་དུ་དམག་སྦྱོང་བྱས་ཡོད་པ་རེད།
གསར་འགོད་པ། སྟག་ལྷ་རྒྱལ། གཡུ་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།