ཐེ་ཝན་གྱི་མི་ཚོས་༧གོང་ས་མཆོག་གི་དབུ་མའི་ལམ་གྱི་སྙིང་སྟོབས་དང་ནང་དོན་ལ་མིག་དཔེ་བལྟ་ས་འདུག་ཅེས། རྒྱ་རིགས་མཁས་པ་ཞིག་གིས་འགྲེལ་བརྗོད་གནང་གི་འདུག

2023.06.09
ཐེ་ཝན་གྱི་མི་ཚོས་༧གོང་ས་མཆོག་གི་དབུ་མའི་ལམ་གྱི་སྙིང་སྟོབས་དང་ནང་དོན་ལ་མིག་དཔེ་བལྟ་ས་འདུག་ཅེས། རྒྱ་རིགས་མཁས་པ་ཞིག་གིས་འགྲེལ་བརྗོད་གནང་གི་འདུག སོན་ཀྲི་པིན་དང་ལུའུ་ཧེ་ཅའན་ལགས་རྣམ་གཉིས།
Photo: RFA

བཞུགས་སྒར་ཉེ་འཁྲིས་ས་ར་མཐོ་སློབ་ཏུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་གོ་སྒྲིག་གནང་སྟེ། རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་ལྡོག། རེ་བ་དང་གདོང་ལེན་དུ་འབོད་པའི་བརྗོད་གཞི་དང་འབྲེལ་ཏེ་སྤྱི་ཟླ་༦པའི་ཚེས་༨ནས་༡༠བར་ཉི་མ་གསུམ་རིང་། རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་ཐེ་ཝན་གྱི་རྒྱ་རིགས་མཁས་པ། ཧོང་ཀོང་དང་ལྷོ་སོག་པོ། ཡུ་གུར་དང་མན་ཇུ་མི་རིགས་ཀྱི་སྐུ་ཚབ་ལས་འགུལ་བ་དང་། མི་རིགས་ཀྱི་རང་དབང་འཐབ་རྩོད་པ་སོགས་ལྷན་འཛོམས་ཚོགས་འདུ་བསྐོང་བཞིན་པའི་ཐོག། ཞི་བདེ་དང་དམག་འཁྲུག་གི་བརྗོད་གཞི་དང་འབྲེལ་ཏེ་དཔྱད་རྩོམ་སྒྲོག་འདོན་གནང་མཁན། རྒྱ་རིགས་མཁས་པ་孫་治་本་་སོན་ཀྲི་པིན་ལགས་ནས། ཐེ་ཝན་དང་བོད་ཀྱི་དབར་རྒྱ་ནག་དང་འབྲེལ་མོལ་སྐོར་ཉམས་མྱོང་སྤེལ་རེས་བྱ་རྒྱུ་ཡོད་པ་མ་ཟད། ཐེ་ཝན་གྱི་མི་ཚོས་༧གོང་ས་མཆོག་གི་དབུ་མའི་ལམ་གྱི་སྙིང་སྟོབས་དང་ནང་དོན་ལ་མིག་དཔེ་བལྟ་ས་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག

ཁོང་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་འཛིན་སྐྱོང་གི་འགན་ཁུར་བླངས་མ་ཐག་ཏུ། རྒྱ་ནག་གཞུང་དང་འབྲེལ་མོལ་གྱིས་༧གོང་ས་མཆོག་རྒྱ་ནག་ལ་ཆིབས་སྒྱུར་གྱི་གནད་དོན་ཐག་གཅོད་ཀྱི་རེ་བ་ཡོད་པ་ནན་བརྗོད་གནང་ཡོད་པས། ཐེ་ཝན་དང་བོད་ཀྱི་དབར་རྒྱ་ནག་དང་འབྲེལ་མོལ་སྐོར་ཉམས་མྱོང་སྤེལ་རེས་བྱ་རྒྱུ་ཡོད་པ་མ་ཟད། ཐེ་ཝན་གྱི་མི་ཚོས་༧གོང་ས་མཆོག་གི་དབུ་མའི་ལམ་གྱི་སྙིང་སྟོབས་དང་ནང་དོན་ལ་མིག་དཔེ་བལྟ་ས་འདུག་པ་མ་ཟད། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཐེ་ཝན་དུ་ཕེབས་རྒྱུའི་གོ་སྐབས་བྱུང་ན། གནས་ཚུལ་མང་པོ་རྒྱུས་ལོན་ཡོང་བར་ཡང་ཕན་ཐོགས་འབྱུང་གི་རེད་ཅེས་འགྲེལ་བརྗོད་གནང་སོང་། གཞན་ཡང་ཁོང་གིས་རྒྱ་ནག་སྐམ་སའི་ནང་དབུ་མའི་ལམ་གྱི་སྐོར་གོ་མཁན་ཉུང་ནའང་། ཕྱི་རྒྱལ་དང་ཐེ་ཝན་གྱི་རྒྱ་ཧན་མི་རིགས་དབུ་མའི་ལམ་གྱི་སྐོར་ཤེས་མཁན་མང་པོ་ཞིག་གིས། ༧གོང་ས་མཆོག་གིས་བསྟན་པའི་དབུ་མའི་ལམ་ལ་མོས་མཐུན་རྒྱབ་སྐྱོར་གནང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་ནང་ཁུལ་གྱི་རྒྱ་རིགས་མང་པོ་ཞིག་གིས་༧གོང་ས་མཆོག་གིས་བསྟན་པའི་དབུ་མའི་ལམ་གྱི་སྐོར་གོ་ཐོས་མེད་ནའང་། ཕྱི་རྒྱལ་དུ་གནས་འཁོད་རྒྱ་རིགས་ཤེས་ཡོན་པ་དང་མི་རིགས་ཀྱི་ཐོབ་ཐང་རྩོད་མཁན་མང་པོ་ཞིག་གིས། དབུ་མའི་ལམ་ལ་རྒྱབ་སྐྱོར་མོས་མཐུན་ཆེན་པོ་ཡོད་པ་མ་ཟད། ཐེ་ཝན་གྱིའང་མི་སྐོར་ཅིག་གིས་དབུ་མའི་ལམ་ལ་མོས་མཐུན་གནང་གི་ཡོད་པ་དང་ཆབས་ཅིག་ཏུ། ཐེ་ཝན་དུ་མི་ཁག་ཅིག་གིས་ཡག་ཤོས་བྱུང་ན་བོད་རང་བཙན་རྩོད་དགོས་པའི་ལངས་ཕྱོགས་འཛིན་གྱི་ཡོད་པའང་འགྲེལ་བརྗོད་གནང་གི་འདུག་ཅིང་། ཡང་ཐེ་ཝན་ནང་བོད་བརྒྱུད་ནང་བསྟན་དང་བོད་དོན་གྱི་སྐོར། བོད་རིགས་དང་རྒྱ་རིགས་འབྲེལ་མཐུད་སོགས་ཀྱི་སྐོར་འཁོད་པའི་དུས་དེབ་ཀུན་གསལ་འོད་སྣང་གི་རྩོམ་སྒྲིག་པ་གནང་མཁན། དེ་བཞིན་གངས་ལྗོངས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་ལུའུ་ཧེ་ཅའན་ལགས་ནས་ཀྱང་། བོད་དོན་ཆབ་སྲིད་དང་འབྲེལ་བའི་ཐོག་ཐེ་ཝན་ནང་དུའང་གནོན་ཤུགས་མངོན་གསལ་ཅན་ཡོད་པ་འགྲེལ་བརྗོད་གནང་གི་འདུག

ཐེ་ཝན་དུ་ཡུལ་སྐོར་དང་ནང་ཆོས་སོགས་དང་འབྲེལ་ཏེ་བོད་ཀྱི་སྐོར་དཔེ་ཆ་དཔར་མཁན་མང་པོ་ཡོད་ནའང་། ང་ཚོས་དཔར་བཞིན་པ་ནི་བོད་དོན་ཆབ་སྲིད་དང་འབྲེལ་བ་ཁག་ཡིན་པས། ང་ཚོའི་དཔར་སྐྲུན་ཁང་དང་འབྲེལ་ལམ་མི་བྱེད་པ་མང་པོ་ཡོད་ནའང་།  རྒྱ་ཡིག་ཀློག་མཁན་གྱི་ཁོར་ཡུག་ཏུ་རྒྱ་ནག་གཞུང་ཁོ་ནས་དྲིལ་བསྒྲགས་ཀྱིས་ཁེངས་སོང་ན་མི་འགྲིག་པར། བོད་མི་དང་བོད་ལ་ཤ་ཚ་དོ་ཁུར་བྱེད་མཁན་གྱི་དེབ་རིགས། ང་ཚོ་གངས་ལྗོངས་དཔེ་སྐྲུན་ཁང་སོགས་ནས་པར་བསྐྲུན་བྱེད་བཞིན་པར། རྒྱ་ནག་གི་གནོན་ཤུགས་ནི་མངོན་གསལ་དོད་པོ་རེད། ཐ་ན་ང་རང་གི་འབུམ་རམས་པའི་དཔྱད་རྩོམ་ནང་བོད་རང་དབང་དང་འབྲེལ་བའི་ནང་དོན་འཁོད་པར། ངའི་མཛུབ་སྟོན་དགེ་རྒན་ཚུན་ཆད་ཀྱིས་སོ་སོ་རྒྱ་ནག་ཏུ་བསྐྱོད་རྒྱུར་བཀག་འགོག་ཡོང་བའི་འཇིགས་སྣང་བྱེད་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་སོང་།
ཉི་མ་གསུམ་རིང་འཚོག་བཞིན་པའི་མཁས་པའི་བགྲོ་གླེང་དེར།  རྒྱ་ནག་གི་དྲུག་བཞི་མང་གཙོའི་ལས་འགུལ་སྣེ་ཁྲིད་པ་གྲགས་ཅན། ཡུ་གུར་མི་རིགས་ཡིན་པ་ཨུ་ཨར་ཁེ་ཤི་དང་། རྒྱ་ནག་མང་གཙོ་དོན་གཉེར་བ་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་འདས་པོ་ལིའུ་ཞོ་པོ་ཡི་ལྕམ་ལུའུ་ཞ་སོགས་ཀྱང་མཉམ་ཞུགས་གནང་ཡོད་པ་རེད།

 

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎