ཐེ་དབན་མང་གཙོ་ཡར་ཐོན་ཚོགས་པས་བཀའ་ཁྲིར་འཚམས་འདྲི།
2011.04.29
༄༅༎ཐེ་དབན་གྱི་མང་གཙོ་ཡར་ཐོན་ཚོགས་པས་བཙན་བྱོལ་བོད་མིའི་བཀའ་བློན་ཁྲི་པར་འོས་འདེམས་བྱུང་བ་གྲོག་གྲར་བློ་བཟང་སེང་གེ་ལགས་སུ་འཚམས་དྲི་བཀྲིས་བདེ་ལེགས་ཞུས་གནང་འདུག
མང་གཙོ་ཡར་ཐོན་ཚོགས་པས་བཏང་བའི་འཚམས་འདྲིའི་འཕྲིན་ཡིག་དེའི་ནང་གྲོག་གྲར་བློ་བཟང་སེང་གེ་ལགས་སུ་འཚམས་འདྲི་ཞུ་་རྒྱུ་དང་ བོད་མི་ཚོས་མང་གཙོའི་ལམ་ནས་གཞུང་གི་དབུ་ཁྲིད་འདེམས་སྒྲུག་བྱེད་བཞིན་པ་མཐོང་སྐབས་མང་གཙོ་ཡར་ཐོན་ཚོགས་པའི་ངོས་ནས་ཧ་ཅང་གི་དགའ་སྤྲོ་སྐྱེས་བྱུང་ འོས་འདེམས་ཀྱི་གྲུབ་འབྲས་འདི་བཙན་བྱོལ་བོད་གཞུང་ཁོ་ནའི་རྒྱལ་ཁ་ཙམ་མ་ཡིན་པ་བོད་མི་ཚང་མའི་རྒྱལ་ཁ་ཞིག་རེད་ ཐེ་དབན་མང་གཙོ་ཡར་ཐོན་ཚོགས་པའི་ངོས་ནས་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་ལགས་མ་འོངས་ཐེ་དབན་དུ་གཟིགས་སྐོར་ཕེབས་ནས་འབྲེལ་བ་སྔར་ལས་ལྷག་པ་ཡོང་བའི་རེ་བ་ཡོད་ཅེས་དང་ ད་དུང་འཚམས་འཕྲིན་དེའི་ནང་བཙན་བྱོལ་བོད་མིའི་མང་གཙོ་སྔར་ལས་ལྷག་པའི་ཚགས་ཚུད་ཡོང་ཆེད་ ༧གོང་ས་ཏྭ་ལའི་བླ་མ་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་བཞེས་རྒྱུ་མིན་པའི་གསལ་བསྒྲགས་གནང་བ་དེ་ནི་བོད་མི་རྣམས་ཀྱི་མང་གཙོ་འོས་འདེམས་ཀྱི་རྨང་གཞི་སྲ་བརྟན་དུ་སྐྲུན་པ་ཞིག་ལ་ངོས་འཛིན་ཞུ་གི་ཡོད་ ༧གོང་ས་ཏྭ་ལའི་བླ་མ་མཆོག་གིས་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་དབུ་ཁྲིད་གནང་རིང་ གང་ཉིད་ཀྱིས་ཡོངས་སུ་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལ་འབད་བརྩོན་གནང་ཡོད་པ་དང་ ཐེ་དབན་དུ་ཡང་ཐེངས་མང་ཞབས་སོར་འཁོད་གནང་ཏེ་ ཐེ་དབན་ནང་མཚོ་རླུང་དྲག་ཆར་གྱི་གནོད་འཚེ་ཕོག་སྐབས་གང་ཉིད་གནོད་འཚེ་ཕོག་སའི་ས་ཁུལ་དུ་ཆིབས་བསྒྱུར་བསྐྱངས་ནས་ ཐེ་དབན་མི་མང་ལ་སེམས་ཚོར་ཆེན་པོ་སྦྱིན་ཡོད་ཅེས་དང་ ཐེ་དབན་གྱི་ཕྱོགས་འགལ་མང་གཙོ་ཡར་ཐོན་ཚོགས་པས་འོས་འདེམས་བྱུང་བའི་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པར་བཏང་གནང་བའི་འཚམས་འཕྲིན་དེའི་ནང་ད་དུང་འཁོད་པར་ རྒྱ་ནག་གཞུང་གིས་གོ་སྐབས་འདི་བརྒྱུད་བོད་མིའི་བཀའ་བློན་ཁྲི་པ་དང་ལྷན་དུ་ལྷག་བསམ་ཟོལ་མེད་ཀྱིས་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་དང་འབྲེལ་ མང་གཙོ་ཡར་ཐོན་ཚོགས་པས་རང་དབང་དང་མང་གཙོའི་ལས་དོན་ཐོག་འབད་བརྩོན་གནང་མཁན་གྱི་བོད་མི་སུ་དྲ་ཞིག་ཡིན་ཡང་ང་ཚོས་དེར་རྒྱབ་སྐྱོར་ཡོད་ཅེས་འཁོད་ཡོད་འདུག