ཐའེ་ལྦན་བོད་ཀྱི་གྲོགས་པོ་ཚོགས་པས་རྒྱ་གཞུང་ལ་རེ་སྐུལ།
2012.03.06
༄༅༎ཐའེ་ལྦན་བོད་ཀྱི་གྲོགས་པོ་ཚོགས་པས་བོད་ནང་དུ་རང་ལུས་མེར་བསྲེག་བཏང་མཁན་བོད་མིའི་ཚོ་དང༌། ཤར་ཏུར་ཀི་སི་ཐན་གྱི་མི་གསོད་ཀྱི་དོན་རྐྱེན། དེ་བཞིན་རྒྱ་ནག་གཞུང་དང་དེའི་ཉེ་འབྲེལ་ཞེས་པའི་བརྗོད་གཞིའི་ཐོག་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སྟེ་རྒྱ་ནག་གཞུང་ལ་རེ་འདུན་ཁག་ཅིག་བཏོན་ཡོད་པ་རེད།
དེ་རིང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཕྱི་ཟླ་གསུམ་པའི་ཚེས་༤ ཉིན་བོད་དོན་རྒྱབ་སྐྱོར་བ་ཐའེ་ལྦན་གྱི་བོད་ཀྱི་གྲོགས་པོ་ཚོགས་པས་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་བ་མ་ཟད། གསར་འགོད་ལྷན་ཚོགས་དེའི་ཐོག་ལ་ཐའེ་ལྦན་བོད་ཀྱི་གྲོགས་པོ་ཚོགས་པའི་ངོས་ནས། བོད་ཀྱི་དགོན་སྡེ་ཁག་ནང་རྒྱ་ནག་གི་དམག་མི་འགྲེམས་འཇོགས་བྱས་ཏེ་དགེ་འདུན་པ་ཚོར་དམ་བསྒྲགས་བྱེད་པའི་བྱ་སྤྱོད་མཚམས་འཇོག་བྱ་དགོས་པའི་རེ་འདུན་བཏོན་གནང་བ་དང༌། ད་དུང་ཚོགས་པ་དེའི་འགན་འཛིན་གྱིས་ཀྱང༌། དེང་སྐབས་བོད་དང་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་ཞི་རྒོལ་དང་འདུ་འཛོམས་ཀྱི་ལས་འགུལ་གྱི་རྣམ་པ་ཛ་དྲག་ཏུ་འགྲོ་བཞིན་ཡོད་ཀྱང༌། རྒྱ་ནག་གཞུང་ཕྱོགས་ནས་མི་དམངས་ཀྱི་བདེ་འཇགས་སྲུང་སྐྱོབ་དང་སྤྱི་ཚོགས་བརྟན་ལྷིང༌། འཆམ་མཐུན་གྱི་སྤྱི་ཚོགས་སྐྲུན་དགོས་པའི་བརྗོད་ཚིག་ཁ་ལ་འཁྱེར་ཏེ་མུ་མཐུད་བོད་མི་སོགས་ལ་དྲག་གནོན་གྱི་བྱ་སྤྱོད་ལག་བསྟར་བྱས་དང་བྱེད་མུས་ཡིན་པ་རེད། དེར་བརྟེན་ཐའེ་ལྦན་བོད་ཀྱི་གྲོགས་པོ་ཚོགས་པའི་ངོས་ནས་སེམས་ཚོར་དྲག་པོའི་ཐོག་ནས་རེ་འདུན་ཞུ་རྒྱུ་ནི། རྒྱ་ནག་གཞུང་ཕྱོགས་ནས་བོད་ནང་དུ་རང་ལུས་མེར་བསྲེག་གཏོང་བའི་དོན་རྐྱེན་གྱི་འབྱུང་རྩ་གང་ལ་ཐུག་ཡོད་མེད་ཀྱི་རྒྱུ་རྐྱེན་རྣམས་ཞིབ་འཇུག་ནན་ཏན་བྱ་རྒྱུ་དང༌། བོད་ཀྱི་དགོན་སྡེ་ཁག་ནང་འགྲེམས་འཇོག་བྱས་པའི་དམག་མི་རྣམས་འཕྲལ་དུ་ཕྱིར་འཐེན་བྱ་་དགོས་པའི་རེ་འདུན་ཞུ་རྒྱུ་ཡིན་ཞེས་གསུང་ཡོད་པའི་གནས་ཚུལ་བཀོད་བཞག