ཨ་རི་གཞུང་ལ་ཐའེ་ལྦན་མཉམ་འབྲེལ་ལམ་ཐོག་འབོད་སྐུལ།
2009.04.10
༄༅༎ཐའེ་ལྦན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་སྒྲིག་འཛུགས་ཁག་ཅིག་གིས་རྒྱ་ནག་ཕྱོགས་ནས་ཐའེ་ལྦན་ཐོག་དྲག་རྒོལ་གྱི་ཉེན་ཁ་ཡོད་པ་དེ་འགོག་ཐབས་སུ་ཨ་རི་གཞུང་གིས་ཐའེ་ལྦན་མཉམ་འབྲེལ་ཐག་ཟབ་ཏུ་གཏང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
དེ་ཡང་གནས་ཚུལ་ནང་འགྲེལ་བརྗོད་བྱས་པར་གཞིགས་ན་དེང་སྐབས་ཨ་རི་དང་རྒྱ་ནག་གཉིས་དབར་འབྲེལ་ལམ་ཐག་ཉེ་རུ་འགྲོ་གི་ཡོད་པའི་མཐོང་ཚུལ་ཞིག་ཡོང་གི་ཡོད་པའི་གནད་དོན་འདིའི་ཐད་ཐའེ་ལྦན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་སྒྲིག་འཛུགས་ཁག་ནས་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་དང་སྒྲིག་འཛུགས་དེ་དག་གིས་གལ་སྲིད་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་མུ་མཐུད་ཡར་རྒྱས་ཕྱིན་པ་ཡིན་ན་དེའི་བརྒྱུད་ནས་མ་འོངས་པར་ཐའེ་ལྦན་ཐོག་རྒྱ་ནག་གིས་དྲག་འཐབ་ཉེན་ཁ་ཆེ་རུ་འགྲོ་ཉེན་ཡོད་པའི་དྭོགས་གཞི་བྱས་ཏེ་འདི་ཚེས་བཅུ་ཉིན་རྒྱལ་སྤྱིའི་ཐའེ་ལྦན་མཉམ་སྦྲེལ་མཐུན་ཚོགས་དང་ཐའེ་ལྦན་མི་མང་བདེ་དོན་ཚོགས་པ་ཟེར་བའི་སྒྲིག་འཛུགས་ཁག་གཉིས་ཐུན་མོང་གི་ཐོག་ནས་ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མའི་མཚན་ཐོག་སྙན་ཞུ་ཞིག་ཕུལ་ཡོད་པའི་ནང་ཨ་རི་གཞུང་ནས་ཐའེ་ལྦན་མཉམ་འབྲེལ་ལམ་ཟབ་དུ་གཏོང་རྒྱུའི་དགོངས་བཞེས་དང་ཐའེ་ལྦན་ཐོག་རྒྱ་ནག་གི་དྲག་རྒོལ་བྱེད་པའི་ཉིན་དེ་འགོག་ཐབས་དེ་བཞིན་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གི་ནང་ཐའེ་ལྦན་ཚུད་བཞེས་ཡོང་བའི་ཐབས་ལམ་འཚོལ་སྒྲུབ་གནང་དགོས་པའི་འབོད་སྐུལ་དང་སྦྲགས་ཡང་དེ་སྔ་ཕྱི་ལོ་༡༩༧༩ལོར་ཨ་རི་གཞུང་གིས་ཐའེ་ལྦན་མཉམ་ཆབ་སྲིད་ཀྱི་འབྲེལ་ལམ་བཅད་དེ་དེའི་ཚབ་ཏུ་རྒྱ་ནག་མཉམ་ཕྱི་འབྲེལ་འགོ་འཛུགས་བྱས་པ་དང་ཆབས་ཅིག་ལོ་དེར་ཐའེ་ལྦན་གནད་དོན་གྱི་ཁྲིམས་ཡིག་ཟེར་བ་ཞིག་ཟུར་དུ་གཏན་འབེབས་གནང་ཡོད་ཀྱང་ད་ཆ་རྒྱལ་སྤྱིའི་གནས་སྟངས་ལ་འགྱུར་བ་ཆེན་པོ་ཕྱིན་ཡོད་སྟབས་དེ་སྔ་མི་ལོ་སུམ་ཅུའི་སྔོན་དུ་གཏན་འབེབས་བྱས་པའི་ཁྲིམས་ཡིག་དེར་ཡང་འགྱུར་བ་གཏོང་ཐབས་ཀྱི་དགོངས་བཞེས་གནང་དགོས་པའི་འབོད་སྐུལ་ཞུས་གནང་འདུག།