ཨ་རིས་ཐེ་ལྦན་ལ་གནམ་དམག་གི་ཐད་འཕུར་གནམ་གྲུ་ཚོང་རྒྱུ།
2010.11.11
༄༅༎ཨ་མི་རི་ཀས་ཐེ་ལྦན་སྲུང་སྐྱོབ་ཆེད་དེང་དུས་ཀྱི་གནམ་དམག་གི་ཐད་འཕུར་གནམ་གྲུ་ཚོང་རྒྱུའི་ཐག་གཅོད་བྱུང་བར་ཐེ་ལྦན་གྱི་དགའ་བསུ་ཞུས་ཡོད་འདུག
རེས་གཟའ་མིག་དམར་ཉིན་ཨ་རིའི་སྲུང་སྐྱོབ་ལས་ཁུངས་ནས་གསལ་བསྒྲགས་གནང་བར་གཞིགས། ཨ་རིའི་གནམ་གྲུའི་བཟོ་གྲ་བྭོ་ཨིང་གིས་མཁའ་དམག་གི་ཐད་འཕུར་གནམ་གྲུ་(Apache AH-64D)རྟགས་ཅན་གསུམ་བཅུ་ཐམ་པ་ཚོང་རྒྱུར་ཐག་གཅོད་བྱུང་ཡོད་པ་མ་ཟད་ཕྱི་ལོ་༢༠༡༤ལོ་ནང་ཚུད་མཁོ་སྤྲོད་གནང་རྒྱུ་ཡིན་འདུག། ཚོང་འབྲེལ་གྱི་ཆིངས་དོན་དེ་བཞིན་ཕྱི་ལོ་༢༠༠༨ལོར་ཨ་རིའི་སྲིད་འཛིནསྦུཤེ་ཡི་གཞུང་འཛིན་སྐབས་སྣོན་འཇོག་གནང་ཡོད་འདུག། ཚོང་འབྲེལ་འདིའི་ཐོག་ནས་ཐའེ་ཝན་གྱི་ས་མཚོ་གནམ་གསུམ་གྱི་སྲུང་སྐྱོབ་ལ་ཕན་ཐོགས་ཆེན་པོ་ཡོད་ལུགས་ཐེ་ལྦན་གྱི་སྲུང་སྐྱོབ་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་གསར་འགོད་པ་འགྲེལ་བརྗོད་གནང་འདུག། སྲིད་འཛིན་མྭ་ཡིང་ཇུ་ཡི་གཞུང་གིས་རྒྱ་ནག་དང་འབྲེལ་ལམ་བཟང་དུ་གཏོང་མུས་ཀྱང་རྒྱ་ནག་གིས་ཐེ་ལྦན་ལ་དྲག་རྒོལ་བྱེད་རྒྱུའི་ཉེན་ཁ་དུས་རྟག་ཏུ་ཡོད་པར་བརྟེན་ཐེ་ལྦན་གྱིས་ཨ་རིའི་གཙོས་པའི་ཕྱིའི་རྒྱལ་ཁབ་ནས་སྲུང་སྐྱོབ་ཀྱི་ཚོང་འབྲེལ་ཆུང་དུ་གཏོང་མེད་པ་རེད༎