རྒྱ་ནག་གི་སྲིད་འཛིན་དང་མཇལ་རྒྱུ་རྒྱལ་འོས་བསྡུ་དང་འབྲེལ་བ་མེད།
2015.11.05
ཐེ་རྒྱ་གཉིས་ཀྱི་སྲིད་འཛིན་མཇལ་འཛོམས་གནང་འཆར་ཡོད་པ་དེ་ཐེ་ཝན་གྱི་རྒྱལ་ཡོངས་འོས་བསྡུ་དང་འབྲེལ་བ་མེད་ལུགས་གསུངས་འདུག
དེ་ཡང་ཐེ་ཝན་གྱི་སྲིད་འཛིན་Ma Ying-jeouདང་རྒྱ་ནག་གི་སྲིད་འཛིན་Xi Jinpingརྣམ་གཉིས་དབར་རེས་གཟའ་སྤེན་པའི་ཉིན་Sangaporeདུ་མཇལ་འཕྲད་གནང་གཏེན་འཁེལ་ཡོད་པ་དང་། དེ་ནི་༡༩༤༩ལོར་གོ་མིན་ཏང་གི་ཐེ་ཝན་རྒྱ་ནག་ནས་ལོག་སུ་ཐོན་པ་ནས་བཟུང་། མཚོ་འགག་ཕན་ཚུན་གྱི་དབུ་འཁྲིེད་དབར་མཇལ་འཕྲད་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།
དབུ་འཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་གནང་རྒྱུ་དེ་བཞིན་དེང་སྐབས་ཐེ་ཝན་ནང་རྣོ་ངར་ཆེ་བའི་རྒྱལ་ཡོངས་འོས་བསྡུའི་བྲེལ་ཟིང་དང་། ལྷག་པར་དུ་འོས་བསྡུའི་ནང་གཞུང་འཛིན་གོ་མིན་ཏང་ལ་ཕམ་ཉེས་འགྲོ་རྒྱུའི་སྔོན་དཔག་བྱེད་བཞིན་ཡོད་སྟབས། ཐེ་ཝན་གྱི་སྲིད་འཛིན་མཆོག་ནས་འོས་བསྡུའི་རྩོད་ལེན་ནང་རྒྱ་ནག་སྐམ་ས་ཆེན་མོའི་རྒྱབ་སྐྱོར་བསྐྲུན་ཐབས་ཀྱི་ཆབ་སྲིད་ཀྱི་དགོས་དབང་ཞིག་ཡིན་པར་ཐེ་ཝན་ནང་མང་པོས་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད།
དེ་རིང་རེས་གཟའ་ཕུར་བུའི་ཉིན་རྒྱལ་ས་ཐེ་པེ་ལ་སྲིད་འཛིན་Ma Ying-jeou མཆོག་ནས་གསར་འགོད་ལྷན་ཚོགས་ཞིག་གི་སར། རྒྱ་ནག་གི་སྲིད་འཛིན་ལྷན་དང་མཇལ་འཕྲད་གནང་རྒྱུ་དེ་ཐེ་ཝན་གྱི་འོས་བསྡུའི་རྩོད་ལེན་དང་འབྲེལ་བ་ཅི་ནས་མེད་པའི་སྐོར་གསལ་བཤད་ཞིབ་ཕྲ་གནང་འདུག ཐེ་ཝན་གྱི་སྲིད་འཛིན་མཆོག་གིས། རྒྱ་ནག་གི་སྲིད་འཛིན་ལྷན་དང་མཇལ་འཕྲད་གནང་རྒྱུ་དེ་ཐེ་ཝན་གྱི་མ་འོངས་དང་། མཚོ་འགག་ཕན་ཚུན་གྱི་མ་འོངས་འབྲེལ་བ་དམ་ཟབ་གཏོང་ཆེད་དུ་ཡིན་པ་དང་། དམིགས་དཀར་རྒྱ་ནག་སྐམ་ས་ཆེན་མོིས་མཚོ་འགག་ཕན་ཚུན་གྱི་འབྲེལ་བའི་སྲིད་ཇུས་བཟུང་ཕྱོགས་བཀོད་སྒྲིག་བྱ་སྐབས་ཐེ་ཝན་གྱི་གནད་དོན་ཕྱོགས་གང་ས་ནས་གོ་རྟོགས་གཏིང་ཚབ་ཡོང་ཆེད། ད་རེས་རྒྱ་ནག་གི་སྲིད་འཛིན་ལྷན་དང་མཇལ་འཛོམས་སྐབས་ཐེ་ཝན་གྱི་དངོས་ཡོད་གནས་སྟངས་མཁྱེན་རྟོགས་སུ་གནས་ལུགས་ཞིབ་ཕྲ་སྙན་སེང་ཞུ་རྩིས་ཡོད་པ་གསལ་འདོན་གནང་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།