ཐེ་དབན་གྱི་དམག་དོན་རྟེན་གཞིར་ལྟ་བསྐོར་བཀག་སྡོམ།
2011.06.17
༄༅༎ཐེ་དབན་དམག་དཔུང་གིས་གཟའ་པ་སངས་ཉིན་ཐེ་དབན་ནང་ཡོད་པའི་ཡུལ་བསྐོར་སྤྲོ་འཆམ་ལས་ཁང་ཁག་ལ་རྒྱ་ནག་སྐམ་ས་ཆེན་མོ་ནས་ཡོང་བའི་ཡུལ་བསྐོར་སྤྲོ་འཆམ་པ་ཐེ་དབན་གྱི་དམག་དཔུང་རྟེན་གཞིར་ཁྲིད་མི་ཆོག་པའི་བརྡ་ཐོ་བཏང་ཡོད་པ་དང་ ཐེ་དབན་དམག་དཔུང་གིས་རྒྱ་ནག་སྐམ་ས་ཆེན་མོའི་ཡུལ་བསྐོར་སྤྲོ་འཆམ་པ་ཚོའི་ནང་རྒྱ་ནག་གི་སོ་པ་ཡོད་སྲིད་པར་དོགས་གཞི་ཡོད་པར་བརྟེན་ནས་ཐག་གཅོད་དེ་ལྟར་བྱས་པ་ཞིག་ཡིན་འདུག ཐེ་དབན་དམག་དཔུང་གིས་ཉེ་བའི་ཆར་ཐེ་དབན་གྱི་དམག་དོན་རྟེན་གཞི་ཁག་ཅིག་དམངས་ཁྲོད་དུ་སྒོ་ཕྱེས་ནས་མང་ཚོགས་ཚོ་ལྟ་བསྐོར་དུ་སྐྱོད་བཞིན་ཡོད་པ་དང་ ཡིན་ནའི་ད་རེས་རྒྱ་ནག་གྲའ་ཅང་ཞིང་ཆེན་ནས་ཡིན་པའི་རྒྱ་ནག་གི་ཡུལ་བསྐོར་སྤྲོ་འཆམ་ཚོགས་པ་ཞིག ཐེ་དབན་གྱི་དམག་དོན་རྟེན་གཞིར་ལྟ་སྐོར་བྱེད་པའི་སྐབས་དམག་དཔུང་གི་འབྲེལ་ཡོད་ནས་ཁོང་ཚོ་རྒྱ་ནག་སྐམ་ས་ནས་ཡིན་པ་ཤེས་རྟོགས་བྱུང་རྗེས་འཕྲལ་དུ་ཕྱིར་ལོག་དགོས་པ་བརྗོད་ཡོད་པའི་སྐོར་ཐེ་དབན་གྱི་སྲུང་སྐྱོབ་ལས་ཁང་གི་དཔོན་རིགས་ནས་འགྲེལ་བརྗོད་གནང་འདུག ཐེ་དབན་སྲུང་སྐྱོབ་ལས་ཁང་གི་མགྲིན་ཚབ་པ་དྲེ་ལྦིདྲ་ལོ་ཡིས་གསུང་ན་ ང་ཚོས་རྒྱ་ནག་སྐམ་ས་ཆེན་མོ་ནས་ཡོང་བའི་ཡུལ་བསྐོར་སྤྲོ་འཆམ་པ་ཚང་མ་སོ་པ་རེད་ཅེས་བརྗོད་ཀྱི་མེད་ ཡིན་ནའི་ཡུལ་བསྐོར་སྤྲོ་འཆམ་པ་དེ་དག་ནང་ཐེ་དབན་གྱི་དམག་དོན་གསང་བའི་གནས་ཚུལ་ཤེས་རྟོགས་ཐུབ་ཐབས་བྱེད་མཁན་གྱི་རྒྱ་ནག་གི་སོ་པ་ཡོད་སྲིད་པ་རེད་ དེར་བརྟེན་རྒྱ་ནག་སྐམ་ས་ཆེན་མོའི་ཡུལ་བསྐོར་སྤྲོ་འཆམ་པ་ཚོ་ ཐེ་དབན་གྱི་དམག་དོན་རྟེན་གཞིར་ལྟ་བསྐོར་བྱ་འཇུག་རྒྱུར་ཡིད་ཟབ་བྱེད་དགོས་ཀྱི་རེས་ཅེས་གསུང་འདུག་ ཐེ་དབན་དམག་དཔུང་གིས་དམག་དཔུང་དང་ དམངས་ཁྲོད་དབར་གྱི་འབྲེལ་ལམ་བཟང་དུ་གཏོང་རྒྱུའི་ཆེད་ཉེ་བའི་ཆར་དམག་དོན་གྱི་རྟེན་གཞི་ཁག་ཅིག་དམངས་ཁྲོད་དུ་སྒོ་མོ་ཕྱེས་ཡོད་པ་རེད་