ཐའེ་ལྦན་གྱིས་རྒོལ་ལན་སློག་ཐབས་ཀྱི་དམག་སྦྱོང༌།
2010.04.27
༄༅༎ཐའེ་ལྦན་དམག་དོན་ཚན་པས་གཟའ་མིག་དམར་ཉིན་གལ་ཏེ་ཐའེ་ལྦན་ཐོག་རྒྱ་ནག་སྐམ་ས་ཆེན་པོས་གནམ་ཐོག་ནས་གཏོར་རྒོལ་འབྱུང་ཚེ་དེར་རྒོལ་ལན་སློག་ཐབས་ཀྱི་དམག་དོན་འཆར་གཞི་གསལ་བསྒྲགས་བྱས་ཡོད་ཅིང་ དེས་མཚོ་སྒག་ཕན་ཚུན་གྱི་འབྲེལ་ལམ་ཡར་རྒྱས་འགྲོ་བཞིན་ཡོད་པ་ལ་མ་ལྟོས་པར་ ཐའེ་ལྦན་གྱི་ངོས་ནས་ཐའེ་ལྦན་དང་རྒྱ་ནག་སྐམ་ས་ཆེན་པོའི་དབར་དམག་འཁྲུག་འབྱུང་སྲིད་པའི་ཉེན་ཁ་ནི་དངོས་ཡོད་གནས་ཚུལ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་མཚོན་པ་ཞིག་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།
ཐའེ་ལྦན་དམག་དོན་ཚན་པས་གསར་འགོད་པ་ཚོར་ གལ་ཏེ་རྒྱ་ནག་གི་ངོས་ནས་ཐའེ་ལྦན་གྱི་མཁའ་དམག་རྟེན་གཞི་ཆེ་ཁག་གི་ཐོག་མེ་ཤུགས་འཕུར་མདེལ་དང་ གཏོར་བཤིག་ངན་ཚབས་ཆེ་བའི་འབར་རྫས་ལ་སོགས་པའི་ཐོག་ནས་གཏོར་རྒོལ་འབྱུང་ཚེ་ ཐའེ་ལྦན་དམག་དོན་ཚན་པའི་ངོས་ནས་གནམ་གྲུའི་བབས་ཚུགས་བསྐྱར་གསོ་བྱ་རྒྱུ་ལ་སོགས་པའི་ལས་དོན་ཁག་མགྱོགས་མྱུར་ཇི་ཙམ་སྤེལ་ཐུབ་མིན་གྱི་དམག་སྦྱོང་འགྲེམས་སྟོན་ཞིག་བྱས་ཡོད་པ་དང་ དམག་སྦྱོང་འགྲེམས་སྟོན་གྱི་ལས་གཞི་དེའི་ནང་ ལྕི་བའི་འཕྲུལ་ཆས་བེད་སྤྱོད་བྱེད་མཁན་དང་ གནམ་གྲུའི་ཁ་ལོ་པ་ དེ་བཞིན་ཛ་དྲག་ཉེན་སྐྱོབ་མི་སྣ་སོགས་ཁྱོན་བསྡོམས་དམག་མི་བརྒྱ་ཕྲག་འགའ་ཤས་མཉམ་ཞུགས་ཡོད་པ་རེད།
ཉེ་ཆར་རྒྱ་ནག་གི་མཚོ་འོག་དམག་གྲུ་གཉིས་དང་ དེ་མིན་གྱི་དམག་གྲུ་བརྒྱད་ཙམ་ཞིག་གིས་ ཤར་རྒྱ་ནག་རྒྱ་མཚོའི་ནང་གཞི་རྒྱ་ཆེ་བའི་དམག་སྦྱོང་ཞིག་བྱས་ཡོད་ཅིང་ འདི་ནི་རྒྱ་ནག་མཚོ་དམག་གིས་མངའ་ཁུལ་དེའི་ནང་སྤེལ་བའི་དམག་སྦྱོང་ཆེ་ཤོས་དེ་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད་པ་དང་ ཐའེ་ལྦན་གྱི་གཟའ་མིག་དམར་ཉིན་གྱི་དམག་སྦྱོང་འགྲེམས་སྟོན་གྱི་ལས་གཞི་དེ་སྤེལ་དགོས་པའི་རྐྱེན་རྩ་ཡང་འདི་ཡིན་པར་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།
གཟའ་ཟླ་བའི་ཉིན་ཐའེ་ལྦན་གྱི་བདེ་སྲུང་བློན་ཆེན་གཞོན་པ་ཁྲའོ་ཧྲི་ཀྲང་གིས་ཐའེ་ལྦན་གྲོས་ཚོགས་སུ་རྒྱ་ནག་གི་ངོས་ནས་ད་ཆ་ཐའེ་ལྦན་ཐོག་དེ་སྔོན་ཚོད་དཔག་བྱས་པའི་ནུབ་ཕྱོགས་ནས་གཏོར་རྒོལ་མི་བྱེད་པར་ ཤར་ཕྱོགས་ནས་ཀྱང་གཏོར་རྒོལ་གཏོང་བའི་ནུས་པ་དང་ལྡན་ཡོད་པ་གསལ་བཤད་གནང་ཡོད་འདུག།