ཐེ་ཝན་གྱི་མེ་ཤུགས་འཕུར་མདེལ་རྒྱ་ནག་ཕྱོགས་སུ་ཤོར་བ།
2016.07.01
རྒྱ་ནག་གུང་ཁྲན་ཏང་ཚོགས་པ་བཙུགས་པའི་དུས་ཆེན་ཉིན་ཐེ་ཝན་གྱི་མེ་ཤུགས་འཕུར་མདེལ་ཞིག་རྒྱ་ནག་ཕྱོགས་སུ་ཤོར་བ།
རྒྱ་ནག་གཞུང་གིས་རྒྱ་ནག་དམར་ཕྱོགས་གུང་ཁྲན་ཚོགས་པ་བཙུགས་ནས་ལོ་༩༥་འཁོར་བའི་དུས་དྲན་སྲུང་བརྩིའི་སྐབས་སུ། ཐེ་ཝན་གྱིས་ནོར་འཁྲུལ་ཤོར་སྟེ་རྒྱ་ནག་ཕྱོགས་ལ་མེ་ཤུགས་འཕུར་མདེལ་ཞིག་འཕངས་པའི་རྐྱེན་གྱིས་ཉ་འཛིན་མཁན་གྱི་གྲུ་གཟིངས་ཤིག་ལ་ཕོག་ནས་མི་གཅིག་རྐྱེན་ལམ་དུ་ཕྱིན་པ་དང་། མི་གཞན་གསུམ་ལ་རྨས་སྐྱོན་ཕོག་འདུག
དེ་རིང་ཐེ་ཝན་ལྷོ་ཕྱོགས་གྲོང་ཁྱེར་Tsoying་ཞེས་པར་མཚོ་དམག་སྦྱོང་བརྡར་བྱེད་སྐབས་སྔ་དྲོའི་ཆུ་ཚོད་༨་དང་སྐར་མ་༡༠་ཐོག ཐེ་ཝན་གྱིས་ཐེ་ཝན་ནང་བཟོ་བསྐྲུན་བྱས་པའི་ལྗིད་ཚད་ཊོན་༥༠༠་བྱས་པའི་Hsiung-feng་གསུམ་པ་ཞེས་མཁའ་དམག་གནམ་གྲུ་གཏོར་བཤིག་གཏོང་ཐུབ་པའི་མེ་ཤུགས་འཕུར་མདེལ་ཞིག་ནོར་འཁྲུལ་ཤོར་བའི་ཐོག་ནས་རྒྱ་ནག་ཕྱོགས་ལ་འཕངས་ཡོད་པ་དང་། མེ་ཤུགས་འཕུར་མདེལ་དེ་བཞིན་ཐེ་ཝན་ནས་འཛིན་སྐྱོང་བྱས་པའི་Penghu་ཞེས་པའི་གླིང་ཕྲན་ཉེ་འཁྲིས་རྒྱ་མཚོའི་ནང་ལྷུང་ཏེ་ལྗིད་ཚད་ཊོན་༦༠་བྱས་པའི་ཉ་འཛིན་གྲུ་གཟིངས་ལ་ཕོག་ནས་ཉ་པ་ཞིག་རྐྱེན་ལམ་དུ་ཕྱིན་པ་དང་། གྲུ་གཟིངས་དེའི་ནང་ཡོད་པའི་མི་གསུམ་ལ་རྨས་སྐྱོན་ཕོག་བའི་ཁོངས་སུ། ཝེཏ་ནམ་གྱི་མི་གཅིག་དང་། ཕི་ལེ་པིན་གྱི་མི་གཅིག་ཀྱང་ཡོད་འདུག
ཐེ་ཝན་གྱི་མཚོ་དམག་གི་མགྲིན་ཚབ་Chen Chung –chi་ཞུ་བས། ཉ་པ་དེ་རྐྱེན་ལམ་དུ་ཕྱིན་པར་ཁོང་པའི་ནང་མི་རྣམས་ལ་དགོངས་སེལ་ཞུས་པ་མ་ཟད། ཁོང་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུས་འདུག
ཡང་ཐེ་ཝན་གྱི་མཚོ་དམག་དམག་སྤྱི་གཞོན་པ་Mei Chia –shu་ཡིས། གོང་ཞུས་གནད་དོན་ཐོག་ཞིབ་འཇུག་བྱས་པའི་འགོ་སྟོད་དུ་དེ་ནི་མི་བཟོས་པའི་ནོར་འཁྲུལ་ཞིག་ཡིན་པ་དང་། ནོར་འཁྲུལ་དེ་ནི་བརྒྱུད་རིམ་དང་མཐུན་པའི་ལས་ཀ་མ་བྱས་པའི་རྐྱེན་གྱིས་ཡིན་པར། ད་དུང་ཡང་ཞིབ་འཇུག་མུ་མཐུད་ནས་བྱེད་ཀྱི་ཡོད་སྐོར་གསུངས་འདུག
ད་རེས་ཐེ་ཝན་གྱིས་རྒྱ་ནག་ཕྱོགས་ལ་མེ་ཤུགས་འཕུར་མདེལ་འཕངས་བ་དེ་ནི་རྒྱ་ནག་གུང་ཁྲན་ཏང་གསར་འཛུགས་བྱས་ནས་མི་ལོ་༩༥་འཁོར་བའི་དུས་དྲན་སྲུང་བརྩིའི་སྐབས་སུ་འཁེལ་ཡོད་པ་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་དང་ཐེ་ཝན་གཉིས་དབར་ཞི་མཐུན་གྱི་འབྲེལ་ལམ་ཡར་རྒྱས་གཏོང་དགོས་པའི་གཏམ་བཤད་གནང་བ་དང་དུས་མཉམ་འཁེལ་ཡོད་པ་རེད།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།