ཕ་ལུང་ཀུང་འགོ་ཁྲིད་ལ་ཐའེ་ལྦན་གྱིས་ཐོངས་མཆན་སྤྲད་མེད་སྐོར།
2009.10.12
༄༅༎ཐའེ་ལྦན་གཞུང་གིས་ཨ་རིའི་ནང་རྟེན་གཞི་བྱས་པའི་ཕ་ལུང་ཀུང་གི་འགོ་འཁྲིད་ལི་ཧུང་ཀྲི་ཐའེ་ལྦན་ནང་བསྐྱོད་རྒྱུར་ཐོངས་མཆན་ལྦི་ས་འབུལ་རྒྱུ་མིན་སྐོར་གསུངས་ཡོད་པ་རེད།
ཐའེ་ལྦན་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནང་ཡུལ་གྱི་ཕྱོགས་འགལ་ཚོགས་པས་ཨ་རིའི་ནང་གནས་སྡོད་གནང་མཁན་ཕ་ལུང་ཀུང་གི་འགོ་འཁྲིད་ལི་ཧུང་ཀྲི་ཐའེ་ལྦན་ནང་གདན་ཞུ་གནང་བའི་གནས་ཚུལ་བཏོན་པ་དེར་ཐའེ་ལྦན་གཞུང་གི་སྲུང་སྐྱོབ་ལས་ཁུངས་ཀྱི་འགན་འཛིན་ཚའེ་ཐི་ཧྲེང་ཡིས་ལི་ཧུང་ཀྲི་ཐའེ་ལྦན་ནང་བསྐྱོད་བཅུག་རྒྱུ་མིན་སྐོ་གསུངས་འདུག ཐའེ་ལྦན་གྱི་གྲོས་ཚོགས་ནང་གནད་དོན་དེའི་སྐོར་འདྲི་རྩད་གནང་སྐབས་སྐུ་ཞབས་ཚའི་ཡིས་ཐའེ་ལྦན་ཡུལ་གྱི་ཁེ་ཕན་དང་སྲུང་སྐྱོབ་ལ་དགོངས་པ་བཞེས་པ་ཡིན་ན་ད་ལྟའི་དུས་སྐབས་དེར་ལི་ཧུང་ཀྲི་ཐའེ་ལྦན་ནང་ཕེབས་རྒྱུ་དེ་རན་པོ་ཞིག་ཆགས་ཀྱི་མེད་པ་དང་ཁོང་ཐའེ་ལྦན་ནང་ཕེབས་པ་ཡིན་ན་དེས་ཐའེ་ལྦན་དང་རྒྱ་ནག་གི་འབྲེལ་ལམ་ལ་གནོད་སྐྱོན་ཐེབས་རྒྱུ་ཡིན་སྐོར་གསུངས་འདུག གོང་ཞུས་ཀྱི་རྒྱུ་མཚན་དུ་བྱས་ནས་ཐའེ་ལྦན་གཞུང་གིས་ཟླ་བ་སྔོན་མ་དེར་ཡུ་གུར་མི་རིགས་ཀྱི་འགོ་འཁྲིད་རེ་སྦི་ཡ་ཀ་རྡིར་ཐའེ་ལྦན་ནང་ཕེབས་བཅུག་མེད་པ་རེད། ཐའེ་ལྦན་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཐའེ་ལྦན་གྱི་ཕྱོགས་འགལ་དམངས་གཙོ་ཡར་ཐོན་ཚོགས་པས་ཕ་ལུང་ཀུང་གོ་འགོ་འཁྲིད་ལི་ཧུང་ཀྲི་ཐའེ་ལྦན་ནང་གདན་ཞུ་གནང་བའི་གན་སཚུལ་བཏོན་ཡང་ཐའེ་ལྦན་ནང་ཡོད་པའི་ཕ་ལུང་ཀུང་གི་རྗེས་འབྲང་པ་རྣམ་སཀྱིས་གནས་ཚུལ་དེའི་སྐོར་ཤེས་རྟོགས་མེད་སྐོར་བརྗོད་ཡོད་པ་རེད། ཕ་ལུང་ཀུང་ནི་ནང་པ་སངས་རྒྱས་པའི་ལྟ་གྲུབ་ཁག་ཅིག་དང་མཉམ་བསྲེས་བྱས་པའི་ཆོས་ལུགས་ཤིག་ལ་ངོས་འཛིན་ཡོད་་དང་ཆོས་ལུགས་དེ་རྒྱ་ནག་ནང་ཁྲིམས་འགལ་བཟོས་ནས་ལོ་ངོ་བཅུ་ཕྲག་ཅིག་ལྷག་འགྲོ་གི་ཡོད་པ་རེད། རྒྱ་ནག་ནང་ཆོས་ལུགས་དེའི་རྗེས་འབྲང་པ་རྣམས་ལ་དྲག་གནོན་ཤུགས་ཆེ་ཕོག་དང་ཕོག་བཞིན་ཡོད་པ་རེད། ཉེ་སྔོན་ཕྱི་ཟླ་བརྒྱད་པའི་ནང་ཐའེ་ལྦན་ནང་ལོ་ངོ་ལྔ་བཅུ་ནང་བྱུང་མྱོང་མེད་པའི་ཆར་རླུང་དྲག་པོའི་གོད་ཆགས་བྱུང་བའི་རྗེས་ཐའེ་ལྦན་གྱི་ཕྱོགས་འགལ་དམངས་གཙོ་ཡར་ཐོན་ཚོགས་པས་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུལ་དེའི་གོད་ཆགས་ཕོག་མི་རྣམས་པར་ཐུགས་སྨོན་ཆེད་གདན་ཞུ་གནང་བར་གཞུང་ཕྱོགས་ནས་༸གོང་ས་མཆོག་ཕེབས་ཆོག་པའི་ཐོངས་མཆན་ལྦི་ས་མ་ཕུལ་རང་ཕུལ་གྱི་གནས་ཚུལ་བྱུང་ཡོད་པ་རེད།