ཐའེ་ལྦན་ཕྱོགས་འགལ་ཚོགས་པས་རྒྱ་ནག་ལ་ངོ་རྒོལ་ལས་འགུལ།
2009.05.15
༄༅༎ཐའེ་ལྦན་གྱི་ཕྱོགས་འགལ་མང་གཙོ་ཡར་ཐོན་ཚོགས་པས་རྒྱ་ནག་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་ཞིག་བདུན་ཕྲག་འདིའི་ནང་སྤེལ་གཏན་འཁེལ་བཞག
བདུན་ཕྲག་འདིའི་མཇུག་ཏུ་མི་མང་ས་ཡ་ཕྱེད་ཀ་ལྷག་གིས་ཐའེ་ལྦན་གྱི་རྒྱལ་ས་ཐེ་པེ་ནས་འགོ་འཛུགས་བྱས་ཏེ་སྲིད་འཛིན་བཞུགས་ཡུལ་དབར་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱ་རྒྱུ་ཡིན་པ་དང་མཚན་གང་སྲིད་འཛིན་མཱ་དབྱིང་ཅུ་བཞུགས་ཡུལ་བདུན་ངོ་རྒོལ་བྱས་ནས་སྡོད་རྒྱུ་ཡིན་ལུགས་ཐའེ་ལྦན་གྱི་མང་གཙོ་ཡར་ཐོན་ཚོགས་པས་གསུངས་བཞག
ད་ལན་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་དོན་ནི་སྲིད་འཛིན་མཱ་དབྱིང་ཅུ་དང་གོ་མིང་ཏང་ཚོགས་པས་རྒྱ་ནག་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་ཞུ་ཆེད་ཡིན་ལུགས་ཕྱོགས་འགལ་མང་གཙོ་ཚོགས་པའི་མགྲིན་ཚབ་པ་ཁྲེང་ལྦེན་ཀྲང་ཡིས་གསུངས་བཞག
དེ་བཞིན་ཁོང་གིས་ཐའེ་ལྦན་གྱི་མ་འོངས་མདུན་ལམ་དེ་ནི་སྲིད་འཛིན་མཱ་དབྱིང་ཅུ་དང་གོ་མིང་ཏང་མིན་པ་དེ་འཛམ་གླིང་ཁྱོན་ཡོངས་ལ་གསལ་སྟོན་བྱ་ཆེད་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་དེ་གོ་སྒྲིག་ཞུས་པ་ཞིག་ཡིན་ཞེས་གསུངས་བཞག བདུན་ཕྲག་འདིའི་ནང་ཐའེ་ལྦན་གྱི་ཀྲི་ལྦི་སྦི་ཨེསི་ཞེས་པའི་བརྙན་འཕྲིན་ལས་ཁང་གིས་མི་མང་༡༠༡༩ལ་ངོ་རྒོལ་གྱི་ལས་འགུལ་དེར་རྒྱབ་སྐྱོར་ཡོད་མེད་བསམ་ཚུལ་བསྡུ་ལེན་ཐོག་རྟོགས་ཞིབ་གནང་བར་མི་མང་བརྒྱ་ཆ་སུམ་ཅུ་སོ་གཉིས་ཙམ་གྱིས་རྒྱབ་སྐྱོར་ཡོད་པའི་བསམ་ཚུལ་བཏོན་ཡོད་པ་རེད། སྔ་ལོ་ཕྱི་ཟླ་ལྔ་པའི་ནང་མཱ་དབྱིང་ཅུ་ཐའེ་ལྦན་གྱི་སྲིད་འཛིན་དུ་བསྐོ་བཞག་བྱུང་བའི་རྗེས་ཐའེ་ལྦན་དང་རྒྱ་ནག་གི་འབྲེལ་བ་དེ་ཧ་ཅང་བཟང་དུ་ཕྱིན་ཡོད་པ་རེད།