༸གོང་ས་མཆོག་ཐའེ་ལྦན་ལ་ཆིབས་བསྒྱུར་གནང་གཏན།
2009.08.27
༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐའེ་ལྦན་ནང་ཆིབས་བསྒྱུར་གནང་རྒྱུར་སྲིད་འཛིན་གྱིས་ཆོག་མཆན་ཕུལ་ཡོད་པའི་གནས་ཚུལ་ཐོན་འདུག
ཨེ་ཨེཕ་པི་གསར་འགྱུར་བརྒྱུད་ལམ་ནས་དེ་རིང་གནས་ཚུལ་སྤེལ་བར་གཞིགས་ན་ཐའེ་ལྦན་གྱི་མང་གཙོ་ཚོགས་པས་གཙོས་འབྲེལ་ཡོད་ཚོགས་པ་ཁག་ཅིག་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉེ་ཆར་ཐའེ་ལྦན་ཁུལ་ཆར་རླུང་གི་གོད་ཆགས་ཚབས་ཆེ་ཕོག་པའི་ས་གནས་སུ་ཆིབས་བསྒྱུར་གནང་རྒྱུའི་ཞལ་བཞེས་གནང་ཡོད་ཀྱང་ཉིན་ཤས་རིང་གཞུང་གི་ངོས་ནས་ཆོག་མཆན་ཡོང་མིན་ཐེ་ཚོམ་ཆགས་ཡོད་པ་རེད། ཡིན་ནའང་དེ་རིང་སྲིད་འཛིན་མ་ཡིང་ཇུ་མཆོག་གིས་གསར་འགོད་པ་ཚོར་ཉེ་ཆར་ཆར་རླུང་དྲག་པོའི་འོག་རྐྱེན་ལམ་དུ་ཕྱིན་པའི་མི་ཚོའི་ཆེད་ཐུགས་སྨོན་གནང་རྒྱུ་དང་དོན་རྐྱེན་དེའི་འོག་ནས་གསོན་པོར་གནས་པའི་མི་རྣམས་ལ་ཐུགས་ཀྱི་སྦྱིན་རླབས་གནང་རྒྱུའི་ཆེད་༸གོང་ས་ཏཱ་ལའི་བླ་མ་མཆོག་འདི་ཁུལ་གདན་འདྲེན་ཞུ་ཆོག་པའི་ཐག་གཅོད་བྱས་པ་ཡིན་ཞེས་གསུངས་འདུག
ཡང་སྲིད་འཛིན་མ་ཡིང་ཇུའི་མགྲིན་ཚབ་པས་གསར་འགོད་པས་འདྲི་བར་ལན་འདེབས་གནང་དོན་ལ་ད་རེས་ཀྱི་ཆིབས་བསྒྱུར་འདི་བཞིན་ཆོས་ཕྱོགས་དང་འགྲོ་བ་མིའི་བཟང་སྤྱོད་ཀྱི་གནད་དོན་ཞིག་ཡིན་སྟབས་མཚོ་ཁ་ཕན་ཚུན་གཉིས་ཀྱི་འབྲེལ་བར་དོ་ཕོག་འགྲོ་རྒྱུའི་གནས་ཚུལ་གང་ཡང་ཆགས་ཀྱི་མ་རེད་ཅེས་ལན་འདེབས་གནང་འདུག
སྤྱིར་བཏང་༸གོང་ས་མཆོག་གི་ཆིབས་བསྒྱུར་གནང་རྒྱུའི་ཐོག་དགོངས་ཚུལ་འདྲ་མིན་ཡོད་པ་ནས་ཐའེ་ལྦན་ནང་ཡོད་པའི་རྒྱ་ནག་ཐོག་མཁས་དབང་སྐུ་ཞབས་འཇོར་ཇ་ཚ་ཡེས་སྲིད་འཛིན་མ་ཡིང་ཇུའི་གཞུང་ནས་མཚོ་ཁ་གཉིས་དབར་གྱི་འབྲེལ་བར་དོ་ཕོག་མི་འགྲོ་བའི་ཆེད་ཆོས་ཕྱོགས་ཀྱི་མཛད་རིམ་མང་ཙམ་སྤེལ་དགོས་རྒྱུའི་དགོངས་པ་བཞེས་དགོས་ལུགས་གསུངས་འདུག དེ་དང་ཕྱོགས་མཚུངས་གོ་མིང་ཏང་ཚོགས་པའི་འཐུས་མི་སྐུ་ཞབས་ལྦང་ཇིན་པིང་གིས་ཀྱང་༸གོང་ས་ཏཱ་ལའི་བླ་མ་མཆོག་ནས་གོད་ཆགས་ཕོག་པའི་མི་ཚོར་སྦྱིན་གྱི་རླབས་གནང་དགོས་པ་དང་འགེགས་དབང་བར་ཆད་རྣམས་ཞི་བའི་ཐུགས་སྨོན་གྱི་སྐྱབས་འཇུག་གནང་རྒྱུའི་ལས་དོན་སྤེལ་གནང་དགོས་པ་ལས་ཆབ་སྲིད་ཀྱི་ལས་དོན་སྤེལ་མི་གནང་བའི་རེ་བ་ཡོད་ཅེས་གཏམ་བཤད་སྤེལ་ཡོད་པ་རེད། གང་ལྟར་གོ་མིང་ཏང་ཚོགས་པའི་འཐུས་མི་ཁག་ཅིག་ནས་མང་གཙོ་ཚོགས་པའི་ངོས་ནས་ཉེ་ཆར་ཆར་རླུང་གི་གོད་ཆགས་ཕོག་པའི་གནད་དོན་དེ་བཞིན་ཆབ་སྲིད་ཀྱི་དགོས་མཁོར་བེད་སྤྱོད་གཏོང་གི་ཡོད་ལུགས་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག སྤྱིར་བཏང་ཐའེ་ལྦན་ནང་སྲིད་འཛིན་མ་ཡིང་ཇུས་ཉེ་ཆར་གོད་ཆགས་ཚབས་ཆེ་ཕོག་པའི་སྐབས་མྱུར་སྐྱོབ་ཀྱི་ལས་དོན་ཚགས་ཚུད་པོ་དང་སྐབས་འཕྲལ་མྱུར་སྐྱོབ་ཀྱི་ལས་དོན་སྤེལ་མི་ཐུབ་པའི་སྐྱོན་བརྗོད་དང་མང་ཚོགས་ངོས་ནས་ཁོང་ལ་ཡིད་ཆེས་ཀྱི་བརྒྱ་ཆ་ཆུང་དུ་ཕྱིན་ཡོད་པ་རེད།