ཐེ་ཝན་གྱི་སྲིད་འཛིན་གསར་བས་རྒྱལ་དོན་འཚམས་གཟིཊ་གནང་རྒྱུ།
2016.05.26
ཉེ་ལམ་གསར་དུ་ལས་འཁུར་འགོ་འཛུགས་གནང་བའི་ཐེ་ཝན་གྱི་སྲིད་འཛིན་ལྕམ་Tsai Ing-wen་མཆོག་ཟླ་བ་རྗེས་མའི་ནང་ཡུལ་དེ་དང་ཕྱི་འབྲེལ་འབྲེལ་ལམ་ཡོད་པའི་དབུས་ཨ་མི་རི་ཀའི་རྒྱལ་ཁབ་པ་ན་མ་Panama་དང༌། ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་Paraguay་གཉིས་ལ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་རྒྱུ་ཡིན་འདུག
དེ་ཡང་གནས་ཚུལ་ནང་བཀོད་པར་གཞིགས་ན། ཐེ་ཝན་གྱི་སྲིད་འཛིན་གསར་པས་རྒྱལ་དོན་འཚམས་གཟིགས་ཐོག་མ་ཟླ་བ་རྗེས་མའི་ནང་གོང་ཞུས་རྒྱལ་ཁབ་གཉིས་ལ་གནང་རྒྱུ་ཡིན་པ་དང༌། རྒྱལ་དོན་འཚམས་གཟིགས་ཀྱི་ཕྱོགས་བསྐྱོད་དེ་ཨ་རི་བརྒྱུད་ནས་གནང་རྒྱུ་ཡིན་སྐོར་ཡུལ་དེའི་ཕྱི་སྲིད་བློན་ཆེན་David Lee་ཡིས་ཐེ་ཝན་གྲོས་ཚོགས་འཐུས་མིར་གཏམ་བཤད་གནང་སྐབས་གསུངས་ཡོད་པ་ལས། རྒྱལ་དོན་འཚམས་གཟིགས་གནང་རྒྱུའི་ཚེས་གྲངས་དང་། རྒྱལ་དོན་འཚམས་གཟིགས་གནང་དགོས་པའི་རྒྱུ་མཚན་སོགས་འགྲེལ་བརྗོད་གང་ཡང་གནང་མེད་པ་དེ་ལྟར་ཡང༌། གནད་དོན་ཉམས་ཞིབ་པ་ཚོས། ལྕམ་Tsai Ing-wen་ནས་ཉེ་ལམ་སྲིད་འཛིན་གྱི་ལས་འཁུར་བཞེས་མ་ཐག ད་ལམ་Panama་དང༌Paraguay་གཉིས་ལ་ཕེབས་དགོས་དོན་ནི། དེ་སྔ་ཡིན་ན་འཛམ་གླིང་གི་རྒྱལ་ཁབ་ཕལ་མོ་ཆེ་བའི་མཉམ་ཐེ་ཝན་དང་ཕྱི་འབྲེལ་འབྲེལ་ལམ་ཡོད་ཀྱང༌། ཕྱིས་སུ་རིམ་པས་རྒྱལ་ཁབ་གཅིག་མཇུག་གཉིས་འཐུད་ཀྱིས་ཐེ་ཝན་དང་མཉམ་འབྲེལ་ལམ་བཅད་དེ་རྒྱ་ནག་མཉམ་འབྲེལ་བ་གསར་འཛུགས་བྱས་ཏེ། ད་ཆ་ཐེ་ཝན་མཉམ་གཞུང་དང་འབྲེལ་བ་འཇོག་མཁན་དབུས་ཨ་མི་རི་ཀ་དང་། ལྷོ་ཨ་མི་རི་ཀ། ཨཧྥ་རི་ཀ། དེ་བཞིན་Caribbean་རྒྱ་མཚོའི་ནང་གི་རྒྱལ་ཁབ་རེ་ཟུང་བཅས་ཁྱོན་བསྡོམས་རྒྱལ་ཁབ་ཆུང་ཙག་༢༢་ལས་ལྷག་མེད་པ་དེ་དག་ཀྱང་རྒྱ་ནག་གཞུང་གིས་ཐེ་ཝན་དང་ཁ་བྲལ་གཏོང་རྒྱུའི་འབད་བརྩོན་བྱེད་བཞིན་པར་སོང༌། རིང་མིན་སྲིད་འཛིན་Tsai Ing-wen་གོང་ཞུས་རྒྱལ་ཁབ་གཉིས་ལ་ཕེབས་དགོས་དོན་ནི་ཐེ་ཝན་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་ལྷག་ལུས་དེ་དག་རྒྱ་ནག་གི་ཕྱོགས་སུ་མི་ཤོར་བའི་ཆེད་ཡིན་པའི་དགོངས་ཚུལ་གསུངས་ཀྱི་ཡོད་འདུག
གསར་འགོད་པ་ངག་དབང་ཆོས་འཕེལ།