རྒྱ་ནག་གིས་ཐའེ་ལྦན་ལ་བཏང་འཛིན་ཆེ་རུ་འགྲོ་ཉེན།
2010.07.29
༄༅༎ཐའེ་ལྦན་གྱིས་ཉེ་ཆར་རྒྱ་ནག་དང་ཚོང་འབྲེལ་གྱི་ཆིངས་དོན་བཞག་པ་དེས་རྒྱ་ནག་གི་ཐའེ་ལྦན་ཐོག་བཏང་འཛིན་བྱེད་ཤུགས་ཆེ་རུ་འགྲོ་རྒྱུའི་ཉེན་ཁ་ཡོད་པའི་སྙན་ཐོ་བཏོན་ཡོད་འདུག
ཨེ་པི་གསར་འགྱུར་ལས་ཁང་ལ་ཁུངས་བདེན་གནས་ཚུལ་ཤེས་རྟོག་བྱུང་བ་ཞིག་ལུང་འདྲེན་བྱས་པར་ལྟར་ན་ ཉེ་ཆར་སྲིད་འཛིན་མ་ཡིང་ཇུའི་གཞུང་གི་ངོས་ནས་རྒྱ་ནག་སྐམ་ས་ཆེན་པོ་དང་ཚོང་འབྲེལ་གྱི་ཆིངས་ཡིག་བཞག་པ་དེས་མང་གཙོའི་ལམ་ལུགས་དང་ལྡན་པའི་ཐའེ་ལྦན་མཚོ་གླིང་འདི་བཞིན་རྒྱ་ནག་གི་དབང་འོག་བཏང་འཛིན་བྱེད་རྒྱུའི་ཁེ་ཕན་བྱུང་བ་ཞིག་ཡིན་ལུགས་གཞུང་འབྲེལ་མ་ཡིན་པའི་ཁྲིམས་ཀྱི་ལམ་ལུགས་ཐོག་ནས་ཞིབ་འཇུག་ཚན་པ་ཞིག་ནས་སྙན་ཐོ་བཏོན་ཡོད་འདུག
འོན་ཀྱང་སྙན་ཐོ་དེའི་ཐོག་སྲིད་འཛིན་ལས་ཁུངས་ནས་འདི་བྱས་དམིགས་བསལ་གསལ་བཤད་གང་ཡང་གནང་མེད་པ་རེད། ཟླ་བ་སྔོན་མའི་ནང་མཚོ་ཁ་གཉིས་དབར་བཞག་པའི་དཔལ་འབྱོར་མཉམ་འབྲེལ་གྱི་གྲོས་མཐུན་ཞེས་པའི་ཆིངས་དོན་དེའི་ནང་ཐའེ་ལྦན་ཕྱོགས་ནས་རྒྱ་ནག་སྐམ་ས་ཆེན་མོའི་ནང་ཚོང་འབྲེལ་བྱེད་རྒྱུའི་ཐོག་ཁྲལ་བཅོག་ཆ་བྱེད་རྒྱུ་དང་ ལྷག་པར་དུ་དངུལ་ཁང་སོགས་ཚོང་འབྲེལ་གྱི་ལས་དོན་གསར་པའི་རིགས་རྒྱ་ནག་ནང་གཉེར་རྒྱུའི་སྒོ་མོ་ཕྱི་རྒྱུ་སོགས་འཁོད་ཡོད་པ་རེད།
རྩ་བའི་སྙན་ཐོ་དེའི་ནང་ཚོང་འབྲེལ་གྱི་ཐོག་ནས་ཐའེ་ལྦན་ལ་ཁེ་ཕན་ཡོང་རྒྱུ་ཡིན་ནའང་ཐའེ་ལྦན་གྱི་རང་སྲིང་རང་སྐྱོང་གི་དབང་ཆའི་ཐོག་དོ་ཕོག་འགྲོ་རྒྱུའི་ཉེན་ཁ་ཡོད་པའི་སྐོར་བཀོད་ཡོད་པ་རེད།
གོ་མིང་ཏང་ཚོགས་པའི་སྲིད་འཛིན་མ་ཡིང་ཇུས་སྲིད་གཞུང་འཛིན་ནས་ལོ་གཉིས་ཕྱིན་པའི་དུས་ཡུན་དེའི་རིང་རྒྱ་ནག་སྐམ་ས་ཆེན་པོ་དང་འབྲེལ་བ་བཟང་དུ་བཏང་ཡོད་ཀྱང་དེར་ཕྱོགས་འགལ་མང་གཙོ་ཚོགས་པས་ཐའེ་ལྦན་གྱི་བདག་དབང་ཐོག་རྒྱ་ནག་གཞུང་གི་ཐེ་བྱུས་བྱེད་རྒྱུའི་ཉེན་ཁ་ཡོད་ལུགས་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད།