ཐའེ་ལྦན་གཞུང་ནས་སྲིད་འཛིན་ཟུར་པ་ཁྲེན་ལ་ཞིབ་དཔྱོད།
2008.08.26
༄༅༎ཐའེ་ལྦན་གཞུང་གིས་ སྲིད་འཛིན་ཟུར་པ་ཁྲེན་ཞུཡི་པན་མཆོག་དང་ཁོང་གི་ནང་མིས་དཔལ་འབྱོར་ལྐོག་ཟས་དང་ ལྐོག་སྦས་གནང་ཡོད་མིན་ཐད་ཞིབ་དཔྱོད་བྱེད་བཞིན་པའི་ལས་དོན་གྱི་ནང་རྒྱལ་སྤྱིའི་དངུལ་ཁང་ཁག་གིས་མཐུན་འགྱུར་ཡོང་ཐབས་གནང་བཞིན་ཡོད་པ་ ཐའེ་ལྦན་གཞུང་གི་ཞིབ་དཔྱོད་པས་གཟའ་མིག་དམར་ཉིན་ ཕེ་རན་སི་གསར་སྤེལ་ལས་ཁང་ལ་བརྗོད་འདུག་པ་དང་ མིང་འདོན་མ་བྱས་པའི་ཞིབ་དཔྱོད་པ་དེས་ རྒྱལ་སྤྱིའི་ནང་གི་དངུལ་ཁང་ཆེ་གྲས་ མེ་རིལ་ལིན་ཆི་ དང་ ཁེ་རེ་ཌིཏ་སུད་སི་གུ་རུབ་ ལ་སོགས་པ་དངུལ་ཁང་འགའ་ཤས་ཀྱིས་མཐུན་འགྱུར་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་འགྲེལ་བརྗོད་བྱས་འདུག
ཐའེ་ལྦན་གཞུང་གིས་ཟླ་བ་འདིའི་འགོ་སྟོད་དུ་ ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་ཁྲན་ཞུཡི་པན་མཆོག་གི་ནང་མིས་དངུལ་ལྐོག་སྦས་བྱས་ཡོད་མེད་ཐད་ཞིབ་དཔྱོད་བྱེད་འགོ་ཚུགས་ཞིང་ ཐའེ་ལྦན་གྱི་གོ་མིང་ཏང་ཚོགས་པའི་འཐུས་མི་ཞིག་ལ་ ཁྲེན་ཞུཡི་གྱི་བུ་དང་ ཁོ་པའི་བཟའ་ཟླའི་མིང་ཐོག་ནས་ ཕྱི་ལོ་ ༢༠༠༧ ལོར་སུད་སིའི་དངུལ་ཁང་ཞིག་ནང་ ཨ་རིའི་ཌོ་ལར་ས་ཡ་ ༣༡ ཐའེ་ལྦན་ནས་བཏང་ཡོད་པ་སུད་སིའི་ཡིག་ཆ་ཞིག་ལག་ཐོབ་བྱུང་ཡོད་པ་རེད་
དེ་བཞིན་ཡུལ་གྲུ་གཞན་གྱི་ནང་ལ་ཡང་ ཁྲེན་ཞུཡི་པན་གྱི་ཁྱིམ་ཚང་གི་ནང་མི་གཞན་གྱི་མིང་ཐོག་ནས་དངུལ་འབོར་ཆེན་བཞག་ཡོད་པར་དོགས་པ་བྱེད་བཞིན་ཡོད་ཅིང་ ཞིབ་དཔྱོད་པས་ཁྲེན་ཞུཡི་པན་ལ་དྲི་བརྩད་བྱེད་སྐབས་ ཐའེ་ལྦན་གྱི་མང་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་ཟུར་པས་ ཁོང་ལ་སྲིད་དོན་གྱི་ལས་དོན་ཐད་ཞལ་འདེབས་བྱུང་བ་ལ་སོགས་པའི་དངུལ་གྱི་ཆ་ཤས་ནས་ ཁོང་གི་མ་མཁྱེན་པའི་ཐོག་ནས་ ཁོང་གི་བཟའ་ཟླས་ཨ་རིའི་ཌོ་ལར་ས་ཡ་ཉི་ཤུ་ཙམ་ཞིག་ཕྱི་རྒྱལ་དུ་བཏང་ཡོད་པ་ངོས་ལེན་གནང་ཡོད་ན་ཡང་ ཁྲིམས་འགལ་གྱི་ལས་དོན་གང་ཡང་སྤེལ་མེད་པ་གསལ་བཤད་གནང་ཡོད་པ་རེད།