རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལྷན་ཚོགས་སུ་ཐའེ་ལྦན་མཉམ་ཞུགས།
2010.03.23
༄༅༎དེ་རིང་ཐའེ་ལྦན་གྱིས་རིང་མིན་ཚོགས་རྒྱུའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལྷན་ཚོགས་ཐོག་ཐའེ་ལྦན་མཉམ་ཞུགས་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད།
དེ་རིང་རེས་གཟའ་མིག་དམར་ཉིན་ཐའེ་ལྦན་གྱི་འཕྲོད་བསྟེན་ལྷན་ཁང་གིས་ཐའེ་ལྦན་ནི་འདི་ལོའི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཐོག་མཉམ་ཞུགས་བྱ་རྒྱུ་དང། དེ་ཡང་འདི་ལོ་ཐའེ་ལྦན་བསྐྱར་དུ་ལྷན་ཚོགས་དེའི་ནང་ཐེངས་གཉིས་པ་མཉམ་ཞུགས་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་ཤིག་སྤེལ་ཡོད་ཅིང། ཐའེ་ལྦན་ཕྱོགས་ནས་ལྷན་ཚོགས་དེའི་ནང་མཉམ་ཞུགས་བྱེད་དགོས་པའི་དམིགས་ཡུལ་ནི། ཐའེ་ལྦན་གྱི་སྲིད་འཛིན་མའ་དབྱིང་ཅུ་ཡིས་རྒྱ་ནག་དང་འབྲེལ་ལམ་བཟང་དུ་གཏོང་བའི་ཐབས་ཇུས་ཀྱི་ཐོག་ནས་ཐའེ་ལྦན་གྱི་ངོ་བོ་དང་གནས་བབ་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་འཛིན་དང་ལྟ་ཚུལ་གོང་འཕེལ་གཏོང་ཐབས་འབད་བརྩོན་གནང་བའི་ཕྱག་ལས་ཤིག་ཡིན་རེད།
ཐའེ་ལྦན་གྱི་འཕྲོད་བསྟེན་ལྷན་ཁང་གིས་གསུང་ན། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས། འདི་ལོའི་ལོ་མཇུག་ཏུ་སུད་སི་གྲོང་ཁྱེར་ཇི་ནི་ལྦ་དུ་ཚོགས་རྒྱུའི་ལོ་འཁོར་ལྷན་ཚོགས་ཐོག་ཐའེ་ལྦན་ཟུར་ཉན་དུ་གདན་ཞུ་གནང་བའི་གནས་ཚུལ་གསུངས་ཡོད་ཅིང། ན་ནིང་ཚོགས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལྷན་ཚོགས་ཐོག་རྒྱ་ནག་ཕྱོགས་ནས་མོས་མཐུན་བྱས་པའི་ཐོག་ནས་ཐའེ་ལྦན་ཐེངས་དང་པོ་ལྷན་ཚོགས་ཐོག་མཉམ་ཞུགས་གནང་ཐུབ་པ་བྱུང་ཡོད་པ་དང། རྒྱ་ནག་ཕྱོགས་ནས་ཐའེ་ལྦན་ནི་རྒྱ་ནག་མངའ་འོག་ཞིང་ཆེན་ཞིག་ཡིན་པ་ངོས་འཛིན་བྱས་ཏེ། དེ་སྔོན་གྱི་ཐའེ་ལྦན་གྱི་སྲིད་འཛིན་རིམ་པའི་སྐབས་ཐའེ་ལྦན་འཛམ་གླིང་གི་ལྷན་ཚོགས་གང་ཞིག་ཏུ་མཉམ་ཞུགས་བྱེད་རྒྱུ་མཐའ་ཅིག་ཏུ་རྒྱ་ནག་ཕྱོགས་ནས་བཀག་འགོག་བྱས་ཏེ། འགོག་རྐྱེན་བཟོས་ཡོད་པ་དང། ཡིན་ནའང་ཐའེ་ལྦན་སྲིད་འཛིན་མའ་དབྱིང་ཅུ་ཡིས་རྒྱ་ནག་དང་མཛའ་གྲོགས་ཀྱི་འབྲེལ་ལམ་བཙུགས་པ་བརྒྱུད་ན་ནིང་ཐའེ་ལྦན་ཐེངས་དང་པོ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཐོག་མཉམ་ཞུགས་བྱེད་ཐུབ་བྱུང་ཡོད་པ་རེད།