ཨ་རི་དང་ཐའེ་ལྦན་གྱི་འབྲེལ་ལམ་མུ་མཐུད་ལག་བསྟར།
2011.01.20
༄༅༎ཐའེ་ལྦན་གཞུང་གིས་ཨ་རིའི་སྲིད་འཛིན་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་ཟུང་འབྲེལ་གསར་འགོད་ལྷན་ཚོགས་ཐོག་ཨ་རིའི་སྲིད་འཛིན་ནས་ཐའེ་ལྦན་དང་ཨ་རིའི་དབར་གྱི་འབྲེལ་ལམ་ཁྲིམས་ལུགས་གསལ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་འབྲེལ་ ཨ་རིའི་སྲིད་འཛིན་གྱིས་མུ་མཐུད་ནས་ཐའེ་ལྦན་གྱི་བདེ་འཇགས་གནད་དོན་ཐོག་མུ་མཐུད་ནས་འབྲེལ་ལམ་ཁྲིམས་ལུགས་བཞིན་ལག་བསྟར་གནང་རྒྱུའི་སྐུལ་མ་གནང་ཡོད་པ་རེད་
ཨ་རིའི་སྲིད་འཛིན་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་ཕྱི་ཚེས་༡༩ཉིན་ཨ་རིའི་སྲིད་འཛིན་ཕོ་བྲང་དུ་ཟུང་འབྲེལ་གསར་འགོད་ལྷན་ཚོགས་ཚུགས་གནང་ཡོད་པ་དང་ དེའི་སྐབས་རྒྱ་ནག་གི་སྲིད་འཛིན་ནས་ཐའེ་ལྦན་དེ་བཞིན་རྒྱ་ནག་གི་བདག་དབང་དང་མངའ་ཁུལ་གཅིག་གྱུར་གནད་དོན་ཐོག་གལ་འགངས་ཆེན་པོ་ཞིག་ཡིན་ལུགས་གསལ་སྟོན་བྱས་ཡོད་པ་དང་ དེར་ཨ་རིའི་སྲིད་འཛིན་ནས་ཨ་རི་གཞུང་གིས་རྒྱ་ནག་གཅིག་གི་རྩ་འཛིན་ཞེས་པར་སྲུང་བརྩི་ཞུ་ཡི་ཡོད་ལ་ ཨ་རི་དང་ཐའེ་ལྦན་དབར་བཞག་པའི་དོན་ཚན་གསུམ་གྱི་མཉམ་འབྲེལ་བསྒྲགས་གཏམ་ལ་ཡང་སྲུང་བརྩི་ཞུ་གི་ཡོད་ཅེས་གསུང་ཡོད་པ་རེད་ ཕྱི་ཚེས་༢༠ཉིན་ཐའེ་ལྦན་ཕྱི་སྲིད་ལས་ཁང་གིས་སྤེལ་བའི་གསལ་བསྒྲགས་ནང་ ཨ་རིའི་སྲིད་འཛིན་མཆོག་ནས་གསར་འགོད་ལྷན་ཚོགས་ཐོག་ཐའེ་ལྦན་གྱི་འབྲེལ་ལམ་སྲིད་བྱུས་གསལ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་འབྲེལ་ ཨ་རིའི་སྲིད་འཛིན་གྱི་བཀའ་མོལ་དེའི་ཐོག་ནས་ཨ་རི་གཞུང་གིས་ཐའེ་ལྦན་གྱི་བདེ་འཇགས་སྲུང་སྐྱོབ་ལས་དོན་ཐོག་གི་ཁས་ལེན་མཚོན་ཐུབ་རྒྱུ་ཡིན་ལུགས་འཁོད་ཡོད་པ་རེད་ ཡིན་ནའི་ཐའེ་ལྦན་གྱི་ཕྱོགས་འགལ་དམངས་གཙོ་ཡར་ཐོན་ཚོགས་པས་ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་གི་སྲིད་འཛིན་དང་ལྷན་དུ་གསར་འགོད་ལྷན་ཚོགས་གནང་བའི་སྐབས་ཐའེ་ལྦན་གྱི་འབྲེལ་ལམ་སྲིད་བྱུས་གསལ་སྟོན་གནང་བར་རེ་ཞིག་བློ་བདེ་བྱུང་བ་གསུང་ཡོད་པ་རེད་ ཨ་རི་གཞུང་གིས་༡༩༧༩ལོར་ཐའེ་ལྦན་དང་གཞུང་འབྲེལ་འབྲེལ་ལམ་མཚམས་འཇོག་གིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་དངོས་སུ་གཞུང་འབྲེལ་འབྲེལ་ལམ་བཙུགས་པའི་རྗེས་ཐའེ་ལྦན་དང་ཨ་རིའི་དབར་ཐའེ་ལྦན་གྱི་འབྲེལ་ལམ་སྲིད་བྱུས་ཞེས་པ་ཞིག་གྲོས་ཚོགས་ནས་གཏན་འབེབས་བྱས་ཏེ་ ཁྲིམས་ལུགས་སྲིད་བྱུས་དེའི་འོག་ཨ་རིས་ཐའེ་ལྦན་གྱི་སྲུང་སྐྱོབ་ལས་དོན་ཐོག་རོགས་འདེགས་དང་ཐའེ་ལྦན་ལ་གོ་མཚོན་ཕྱིར་ཚོང་བྱེད་མུས་ཡིན་པ་རེད་