ཐེ་ལྦན་གྱིས་ཨ་རི་ནས་གནམ་དམག་གནམ་གྲུ་ཉོ་འཆར་ཡོད་པ།
2010.05.13
༄༅༎ཐེ་ལྦན་དང་རྒྱ་ནག་སྐམ་ས་ཆེན་མོའི་དབར་འབྲེལ་བ་ཡར་རྒྱས་འགྲོ་མིན་ལ་མ་ལྟོས་པར་ཐེ་ལྦན་གྱིས་ཨ་རི་ནས་གནམ་དམག་གནམ་གྲུ་ཉོ་རྒྱུའི་འབད་བརྩོན་མུ་མཐུད་བྱ་རྒྱུ་ཡིན་སྐོར་ཐེ་ལྦན་གྱི་བདེ་སྲུང་བློན་ཆེན་གཞོན་པས་གསལ་འདོན་བྱས་འདུག
US –Taiwan Business Council ཞེས་ཨ་རིའི་རྒྱལ་ས་ལྦ་ཤིང་ཏུ་རྟེན་གཞི་བྱས་པའི་ཨ་རི་དང་ཐེ་ལྦན་གཉིས་དབར་ཟུང་འབྲེལ་གྱི་ཚོང་དོན་ཚོགས་ཆུང་ཞིག་གིས་ཉེ་ཆར་ཐེ་ལྦན་གྱི་བདེ་འཇགས་སྲུང་སྐྱོབ་དང་འབྲེལ་བའི་སྙན་ཐོ་ཞིག་འདོན་སྤེལ་བྱས་ཡོད་ཅིང་ སྙན་ཐོའི་ནང་ཐེ་ལྦན་གྱི་སྲུང་སྐྱོབ་ཐད་ནས་མཁའ་དབྱིངས་དམག་ཤུགས་གནད་འགག་ཤིན་ཏུ་ཆེ་བ་མ་ཟད་རྟགས་ཅན་F16 C/Dཞེས་པའི་ཨ་རིའི་གནམ་དམག་གནམ་གྲུ་ཐོན་གསར་དེ་རན་ཤོས་ཡོད་པར་བརྟེན་དེ་ལྟར་མཁོ་གྲུབ་བྱེད་དགོས་པའི་ནན་སྐུལ་བྱས་ཡོད་པ་རེད་ རེས་གཟའ་ལྷག་པའི་ཉིན་སྙན་ཐོའི་འདིའི་སྐོར་ཐེ་ལྦན་གྲོས་ཚོགས་ནང་འདྲི་བ་དང་བགྲོ་གླེང་བྱུང་སྐབས་ཐེ་ལྦན་གྱི་བདེ་སྲུང་བློན་ཆེན་གཞོན་པ་ཨེན་དྲི་རུ་ཡཱང་གིས་ཐེ་ལྦན་གཞུང་གིས་ཨ་རི་ནས་གནམ་དམག་གནམ་གྲུ་ཐོན་གསར་ཉོ་ཐབས་བྱ་རྒྱུའི་སྲིད་ཇུས་ཁ་གསལ་ཡིན་ལ་ དེ་ལྟར་མཇུག་སྐྱོང་བྱ་རྒྱུ་ཡིན་པའི་སྐོར་ནན་བརྗོད་བྱས་འདུག ཐེ་ལྦན་གཞུང་གི་༡༩༩༧ལོར་ཨ་རི་ནས་རྟགས་ཅན་F16ཞེས་པའི་ཨ་རིའི་གནམ་དམག་གནམ་གྲུ་༦༦ཉོ་རྒྱུའི་གན་རྒྱ་ཡོད་ཀྱང་མཐར་འདི་ལོ་ཞི་ནས་གནམ་གྲུ་དེ་དག་རྩིས་ལན་བྱུང་ཡོད་པ་རེད༎