ཐའེ་ཝེན་མཚོ་འགག་དབར་འབྲེལ་ལམ་ཡར་རྒྱས་སྐོར།
2008.05.29
༄༅༎རྒྱ་ནག་སྐམ་ས་ཆེན་པོས་ ཐའེ་ཝེན་དང་གྲོས་མོལ་བསྐྱར་གསོ་བྱེད་རྒྱུའི་འདོད་ཚུལ་གསལ་འདོན་བྱས་པ་དེས་ མཚོ་འགག་ཕན་ཚུན་གྱི་འབྲེལ་ལམ་ལ་ཡར་རྒྱས་ཀྱི་ཕན་ནུས་ཡོང་རྒྱུ་ཡིན་སྐོར་ཐའེ་ཝེན་གཞུང་གིས་དགའ་བསུ་ཞུས་འདུག་༎
ཐའེ་ཝེན་གྱི་གཞུང་འཛིན་གོང་མིན་ཏང་ཚོགས་པའི་ཚོགས་གཙོ་ ཝུའུ་ཕཱོ་ དང་ རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཏའོ་རྣམ་གཉིས་དབར་མཇལ་མོལ་བྱུང་ཡོད་པ་དང་ མཇལ་མོལ་འདིའི་ཁྲོད་ནས་ མཚོ་འགག་ཕན་ཚུན་དབར་ཡུལ་བསྐོར་སྤྲོ་འཆམ་དང་ཐད་ཀར་གནམ་གྲུ་འཕུར་བསྐྱོད་བྱ་ཕྱོགས་ཐད་གྲོས་མོལ་འགོ་འཛུགས་བྱ་རྒྱུའི་མོས་མཐུན་བྱུང་ཡོད་པ་རེད་ དེ་ཡང་རེས་གཟའ་ཕུར་བུའི་སྔ་དྲོ་རྒྱ་ནག་སྐམ་ས་ཆེན་པོའི་ཐའེ་ཝེན་མཚོག་འགག་འབྲེལ་མཐུད་མཐུན་ཚོགས་ཀྱིས་ ཐའེ་ཝེན་གྱི་རྒྱ་ནག་སྐམ་ས་ཆེན་པོ་འབྲེལ་མཐུད་ལས་དོན་ལྷན་ཁང་ལ་ མཚོ་འགག་ཕན་ཚུན་དབར་ཡུལ་འཁོར་སྤྲོ་འཆམ་དང་ཐད་ཀར་འགྲུལ་སྐྱེལ་གནམ་གྲུ་འཕུར་བསྐྱོད་ཀྱི་ལས་དོན་འགོ་བཙུག་བྱ་ཕྱགོས་ཐད་ཕྱི་ཟླ་༦པའི་ཚེས་༡༡ནས་༡༤བར་ཉིན་བཞིའི་རིང་ རྒྱ་ནག་ནང་གྲོས་མོལ་ལྷན་ཚོགས་གནང་རྒྱུའི་མགྲོན་བརྡ་ཕུལ་ཡོད་པ་རེད་ ༡༩༩༩ནས་བཟུང་རྒྱ་ནག་སྐམ་ས་ཆེན་པོ་དང་ཐའེ་ཝེན་དབར་གྲོས་མོལ་མཚམས་འཇོག་ཏུ་སོང་པ་རེད་ ད་རསེ་ཐའེ་ཝེན་གྱི་གཞུང་འཛིན་ཆབ་སྲིད་ཚོགས་པའི་འགོ་འཁྲིད་ ཝུའུ་ཕོའུ་ཚིའུང་ གི་རྒྱ་ནག་ནང་གཟིགས་བསྐོར་ཕེབས་རྒྱུ་དེ་བཞིན་༡༩༤༩ལོར་ཐའེ་ཝེན་དང་རྒྱ་ནག་གཉིས་ལོགས་སུ་གྱེས་བ་ནས་བཟུང་ཐའེ་ཝེན་གྱི་གཞུང་འཛིན་ཆབ་སྲིད་ཚོགས་པའི་འགོ་འཁྲིད་ཅིག་ནས་རྒྱ་ནག་ནང་ཕེབས་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད་ གཟིགས་བསྐོར་འདིའི་བརྒྱུད་ཕྱོགས་གཉིས་དབར་འབྲེལ་གཏུགས་བསྐྱར་གསོ་བྱས་པ་དེས་ཕན་ཚུན་དབར་འབྲེལ་ལམ་ཡར་རྒྱས་གཏོང་བའི་དགེ་ཚན་ཆན་པོ་ཡོད་སྐོར་ཐའེ་ཝེན་གཞུང་གིས་རྒྱ་ནག་སྐམ་ས་ཆེན་པོའི་ལས་དོན་ལྷན་ཁང་གི་འགན་འཛིན་ནས་བསྔགས་བརྗོད་བྱས་འདུག་༎