ཐའེ་ལྦན་ནས་མེ་ཤུགས་འཕུར་མདེལ་མཁོ་སྒྲུབ་ཀྱི་དགོས་འདུན།
2008.09.01
༄༅༎ཐའེ་ལྦན་གྱི་གཞུང་འཛིན་གོ་མིང་ཏང་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་ཚོས་དེང་སྐབས་རྒྱ་ནག་དང་ཐའེ་ལྦན་བར་གྱི་འབྲེལ་ལམ་ཡར་རྒྱས་ཕྱོགས་སུ་བསྐྱོད་བཞིན་ཡོད་ནའང་ཐའེ་ལྦན་ཕྱོགས་ནས་རྒྱ་ནག་གི་མེ་ཤུགས་འཕུར་མདེལ་གྱི་གཏོར་རྒོལ་གྱི་ཉེན་ཁ་འགོག་ཐུབ་པའི་མེ་ཤུགས་འཕུར་མདེལ་མཁོ་སྒྲུབ་བྱེད་དགོས་པའི་དགོས་འདུན་བཏོན་གྱི་ཡོད་པ་རེད།
དེ་ཡང་ཐའེ་ལྦན་གྱི་སྲིད་འཛིན་མ་དབྱིང་ཅོ་ཡི་གོ་མིང་ཏང་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་ ཧྲུའེ་ཧུ་མིང་ ཡིས་ཨེ་པི་གསར་འགྱུར་ལས་ཁང་གི་བཅར་འདྲི་དང་ལེན་གནང་སྐབས་གསུང་དོན། ཐའེ་ལྦན་ཕྱོགས་ནས་མུ་མཐུད་རྒྱ་ནག་གི་ས་ཐོག་ཏུ་འཕེན་ཐུབ་པའི་མེ་ཤུགས་འཕུར་མདེལ་ཡར་རྒྱས་གཏོང་དགོས་གལ་དང་དེའི་རྒྱུ་མཚན་ནི་རྒྱ་ནག་སྐམ་ས་ཆེན་པོའི་ཕྱོགས་ནས་མཁའ་དབྱིངས་ཀྱི་མཐོ་ཚད་རིང་པོར་གནད་དུ་འཁེལ་ཐུབ་པ་དང་རྒྱང་ཐག་རིང་པོའི་སར་འཕེན་ཐུབ་པའི་མེ་ཤུགས་འཕུར་མདེལ་མུ་མཐུད་བཟོ་སྐྲུན་དང་ཡར་རྒྱས་གཏོང་བཞིན་ཡོད་པ་བརྟེན་ང་ཚོ་ཐའེ་ལྦན་ཕྱོགས་ནས་དེར་ཁ་གཏད་གདོང་ལེན་བྱེད་ཐུབ་པའི་གོ་མཚོན་ངེས་པར་དུ་ཡར་རྒྱས་གཏོང་དགོས་གལ་ཆེ་ཡིན་པའི་སྐོར་གསུང་ཡོད་པ་རེད། ཐའེ་ལྦན་གྱི་ཕྱོགས་ནས་རིང་ཚད་ཀི་ལོ་མི་ཊར་དྲུག་བརྒྱའི་མཚམས་སུ་འཕེན་ཐུབ་པའི་སུང་ཕེང་ཞེས་འབོད་པའི་མེ་ཤུགས་འཕུར་མདེལ་ཞིག་ཕྱི་ལོ་༢༠༠༤ ལོའི་ཕྱི་ཟླ་༡༠པའི་ནང་ཚོད་ལྟ་བྱས་པའི་གནས་ཚུལ་གསུང་ཡོད་ཀྱང་ ཐའེ་ལྦན་དམག་དཔུང་གིས་དངོས་སུ་འགྲེམས་འཇོག་དང་ཕྱི་ཕྱོགས་སུ་བཏོན་མྱོང་མེད་པ་རེད། ཡིན་ནའང་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གི་དུས་དེབ་ཅེས་པའི་ཐའེ་ལྦན་གྱི་གསར་ཤོག་ཞིག་ཐོག་ལ་ཐའེ་ལྦན་གྱི་དམག་དཔུང་གིས་འདི་ལོའི་ཕྱི་ཟླ་དང་པོའི་ནང་རྒྱང་ཚད་ཀི་ལོ་མི་ཊར་༨༠༠ མཚམས་སུ་འཕེན་ཐུབ་པའི་མེ་ཤུགས་འཕུར་མདེལ་ཞིག་ཚོད་ལྟ་བྱས་པའི་གནས་ཚུལ་སྤེལ་ཡོད་པ་རེད།