བོད་ཀྱི་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱི་སྐུ་ཕུང་ཞུགས་འབུལ།
2020.10.22

རྒྱ་ནག་གི་བཙོན་ཁང་ནང་བཙོན་འཇུག་གི་དུས་ཡུན་རིང་ཤོས་བཞུགས་མྱོང་མཁན་བོད་ཀྱི་ཆབ་སྲིད་བཙོན་ཟུར་དམ་པ་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱི་སྐུ་ཕུང་སུད་སིར་ཞུགས་འབུལ་གནང་འདུག
དེི་རིང་ཕྱི་ཚེས་༢༢་ཉིན་རེས་གཟའ་ཕུར་བུའི་ཉིན། སུད་སི་དང་ལེག་ཏེན་སི་ཌ་ཡ་ན་བོད་རིགས་མི་མང་གིས་གོ་སྒྲིག་འོག སུད་སིའི་(Winterthur)་ས་གནས་སུ་མི་མང་འདུ་འཛོམས་ཐོག བོད་ཀྱི་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་དམ་པའི་སྐུ་ཕུང་ཞུགས་འབུལ་གནང་ཡོད་པ་རེད།
སྐབས་དེར་སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས། མྱ་ངན་གུས་འདུད་དང་མཉམ་དམ་པ་ཁོང་ནི་རྒྱ་ནག་གི་བཙན་དབང་སྡུག་རྩུབ་ལ་དཔའ་ངར་སྙིང་སྟོབས་ཞུམ་མེད་ཀྱི་རྒྱལ་གཅེས་དཔའ་པོ་ཡིན་པའི་གཏམ་བཤད་གནང་ཡོད་པ་རེད།
ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ལགས་ནི། སྤྱི་ལོ་༡༩༢༦་ལོར་ལྷ་སའི་ནུབ་ཕྱོགས་སུ་ཡོད་པའི་ཆུ་ཤུལ་རྫོང་དུ་སྐུ་འཁྲུངས་པ་དང་། སྤྱི་ལོ་༡༩༥༢་ལོར་ལྷ་སའི་སློབ་ཆུང་དང་པོའི་དགེ་རྒན་གནང་། སྤྱི་ལོ་༡༩༦༥ལོར་བཙོན་དུ་ཚུད་ནས་མི་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཆད་བཏང་བ་དང་། ཕྱི་ལོ་༡༩༧༠ལོར་སླར་ཡང་ལོ་བཅུར་བཙོན་འཇུག་གིས་སྡུག་སྦྱོང་མནར་གཅོད་མྱངས་ཡོད་ཅིང་། ཕྱི་ལོ་༡༩༨༣ལོར་བཙོན་འཇུག་ཐེངས་གསུམ་པའི་སྐབས་ལོ་༡༥ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་ཐོག ཁོང་གིས་བཙོན་ཁང་དུ་བོད་རང་བཙན་གྱི་སྐད་འབོད་བྱས་པར་བརྟེན་བསྐྱར་དུ་ལོ་༥བཙོན་འཇུག་དུས་ཡུན་སྤར། ཕྱི་ལོ་༡༩༩༡ལོར་སུད་སིའི་གཞུང་འབྲེལ་མི་སྣས་གྲྭ་བཞི་བཙོན་ཁང་ནང་གཟིགས་ཞིབ་གནང་སྐབས། ཁོང་གིས་སྐད་འབོད་བྱས་རྐྱེན་བཙོན་འཇུག་གི་དུས་ཡུན་བསྐྱར་དུ་ལོ་༨ལ་སྤར་བ་བཅས། ཁྱོན་བསྡོམས་མི་ལོ་༣༧རིང་རྒྱ་ནག་གི་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་ཚད་ལས་འདས་པ་མྱངས་པའི་བོད་དོན་འཐབ་རྩོད་པ་ཞིག་དང་། བཙོན་འཇུག་དུས་ཡུན་རིང་ཤོས་ཀྱི་ཆབ་སྲིད་བཙོན་ཟུར་ཞིག་ཆགས་ཡོད་པ་རེད།
དམ་པ་དེ་ཉིད་ནི་ཕྱི་ལོ་༡༩༢༦ནང་ལྷ་སའི་ནུབ་ཕྱོགས་ཆུ་ཤུལ་རྫོང་ཁོངས་སུ་སྐུ་འཁྲུངས་ཤིང་། ཕྱི་ལོ་༡༩༥༢ ལོར་ཚ་སྤྲུལ་རིན་པོ་ཆེས་བཀོད་མངགས་བཞིན་ལྷ་སའི་སློབ་ཆུང་དང་པོའི་དགེ་རྒན་གྱི་ཕྱག་ལས་གནང་། ལོ་ངོ་སོ་བདུན་རིང་བཙོན་འཇུག་མནར་གཅོད་མྱངས་རྗེས་༢༠༠༢སྨན་བཅོས་ཀྱི་མིང་ཐོག་ནས་ཕྱི་ཕྱོགས་སུ་འབྱོར་བའི་རྗེས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུ་གཙོས་རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་བོད་མིའི་རང་དབང་། བོད་ཀྱི་ཁོར་ཡུག བོད་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས་བཅས་ཞུ་གཏུག་ཡར་ཞུ་དང་བོད་དོན་ལས་འགུལ་འདྲ་མིན་ནང་མཉམ་ཞུགས་གནང་ཡོད།
སྟག་སྣ་འཇིགས་མེད་བཟང་པོ་ལགས་སྤྱི་ལོ་༢༠༢༠ལོའི་ཕྱི་ཟླ་བཅུ་པའི་ཚེས་༡༧ཉིན་དགུང་གྲངས་༩༤ཐོག་སུད་སིར་དགོངས་པ་རྫོགས་པ་དང་། བོད་རིགས་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཡོད་སའི་ས་གནས་གང་ས་ནས་ཁོང་ལ་མྱ་ངན་གུས་འདུད་དང་མཆོད་འབུལ་བསྔོ་སྨོན་གནང་ཡོད།