སྟག་མཚེར་རིན་པོ་ཆེའི་མཆོག་སྤྲུལ་གྱིས་མ་འོངས་པར་མདོ་སྨད་ཀྱི་ས་ཁུལ་དུ། ཕན་ཐོགས་རྒྱ་ཆེན་པོ་སྒྲུབ་ཐུབ་པ་ཡོང་གི་རེད། ༧གོང་ས་མཆོག་གིས།

བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གི་༧སྐུའི་གཅེན་པོ་སྟག་མཚེར་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་ཐུབ་བསྟན་འཇིགས་མེད་ནོར་བུ་མཆོག་གི་ཡང་སྲིད། སྟག་མཚེར་མཆོག་སྤྲུལ་བསྟན་འཛིན་ཡོན་ཏན་རྒྱ་མཚོ་མཆོག་ཉེ་ལམ་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་གནང་བ་དང་འབྲེལ། སྤྱི་ཟླ་༡༡པའི་ཚེས་༢༣ཉིན་བཞུགས་སྒར་ཕོ་བྲང་དུ་༧གོང་ས་མཆོག་གིས་དམིགས་བསལ་མཇལ་ཁ་སྩལ་སྐབས། ༧གོང་ས་མཆོག་གིས་“སྟག་མཚེར་རིན་པོ་ཆེ་ནི་ང་ཚོ་སྐུ་འབུམ་དགོན་པའི་བླ་མ་གལ་ཆེ་གྲས་ཤིག་ཡིན་པ་དང་། གྲྭ་ས་འབྲས་སྤུངས་དུ་སློབ་གཉེར་གྱིས་མ་འོངས་པར་ཏན་ཏན་སྐུ་འབུམ་དགོན་པ་གཙོ་བོར་གྱུར་པའི་མདོ་སྨད་ཀྱི་ས་ཁུལ་དུ། ཕན་ཐོགས་རྒྱ་ཆེན་པོ་སྒྲུབ་ཐུབ་པ་ཡོང་གི་རེད་”ཅེས་བཀའ་གནང་གི་འདུག
སྟག་མཚེར་རིན་པོ་ཆེ་སྐུ་གོང་མ་དང་ང་ཚོ་སྤུན་མཆེད་ཡིན་པ་དང་། རིན་པོ་ཆེ་ནི་བསམ་བློ་ཧ་ཅང་གིས་རྒྱ་ཆེན་པོ་བཏང་ཐུབ་མཁན་ཞིག་རེད། སྟག་མཚེར་རིན་པོ་ཆེས་ངོས་ལ་ཉེན་བརྡ་བཏང་ནས་ཁོ་རང་སྔོན་ཚུད་བཙན་བྱོལ་དུ་ཕེབས་པ་རེད་ཅེས་ཀྱང་བཀའ་སློབ་གནང་དོན།“སྟག་མཚེར་རིན་པོ་ཆེས་རྒྱ་ནག་དམར་ཤོག་གིས་བོད་ལ་སྟངས་འཛིན་བྱེད་པའི་ཉེན་ཁ་ཆེན་པོ་རེད་ཅེས། ངོས་ལ་ཉེན་བརྡ་བཏང་སྟེ་ཁོ་རང་སྔོན་ཚུད་བོད་ནས་བྲོས་བྱོལ་དུ་ཕྱིན་པ་དང་། ཕྱིས་སུ་ང་ཚོ་རྒྱ་གར་དང་ཨ་མི་རི་ཀ་ནས་ཀྱང་ཐུག་འཕྲད་བྱུང་སྟེ་ངོས་ཀྱི་སྤུན་མཆེད་ཧ་ཅང་ཡག་པོ་ཡོད་ཐོག། ཁོང་གི་སྤྲུལ་སྐུ་ཡང་ཧ་ཅང་ཡག་པོ་འདུག་པས་ད་ཆ་གལ་ཆེ་ཤོས་སློབ་གཉེར་བྱེད་དགོས་པ་རེད་ཅེས་བཀའ་སྩལ་ཡོད་པ་མ་ཟད། ༧གོང་ས་མཆོག་གི་སྐུ་ཚེ་སྨད་ཀྱི་ཆའི་ཐུགས་འགན་དེ་བླ་མ་སྐུ་གཞོན་འདིས་འཁུར་དགོས་པ་རེད་ཅེས་ལམ་སྟོན་ཕེབས་གནང་གི་འདུག “ངོས་ཀྱི་རྨི་ལམ་གཞིར་བཟུང་ན་ངོས་རང་ལོ་བརྒྱ་དང་བཅུ་ཐམ་པར་འཚོ་ངེས་ཡིན་པར་བརྟེན།ངོས་རང་གི་མི་ཚེ་སྨད་ཀྱི་ཆའི་འགན་ཁུར་དེ་བླ་མ་སྐུ་གཞོན་འདིས་འཁུར་དགོས་ངེས་ཤིག་དང་ངོས་ཀྱི་རྗེས་སུ་ཏན་ཏན་འཇུག་གི་ཡོད་མུར། རྒྱ་ནག་གཞུང་གིས་བོད་དབང་བསྒྱུར་བྱས་ཡོད་ཀྱང་བོད་མིའི་སྙིང་སྟོབས་ནམ་ཡང་མ་ཉམས་པར་བརྟན་པོར་གནས་ཡོད་པ་དང་། ངོས་ལ་ཡིད་ཆེས་འགྱུར་བ་མེད་པར་གནང་གི་ཡོད་”ཅེས་བཀའ་སྩལ་ཡོད་པ་རེད།
མདོ་སྨད་སྐུ་འབུམ་དགོན་པའི་བླ་མ་གལ་ཆེན་གྱི་གྲས་སྟག་མཚེར་རིན་པོ་ཐུབ་བསྟན་འཇིགས་མེད་ནོར་བུ་མཆོག་ནི་༧གོང་ས་མཆོག་སྐུའི་གཅེན་པོ་དང་། རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པ་སོགས་བཙུགས་ཏེ་སྐུ་ཚེ་ཧྲིལ་བོར་བོད་དོན་འཐབ་རྩོད་གནང་མཁན་ཞིག་ཡིན་པ་མ་ཟད། ཨ་མི་རི་ཀའི་ཨིན་ཊི་ཡ་ན་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་། བོད་དང་འབྲེལ་བའི་རྩོམ་དེབ་སྣ་ཚོགས་སྤེལ་མྱོང་མཁན་གྱི་བོད་དོན་ཐོག་ཤུགས་རྐྱེན་ཆེ་བའི་མི་སྣ་ཞིག་ཡིན་ཅིང་། ཁོང་གི་མཆོག་སྤྲུལ་བསྟན་འཛིན་ཡོན་ཏན་རྒྱ་མཚོ་མཆོག་ནི། སྤྱི་ལོ་༢༠༠༨ལོར་མདོ་སྨད་སྐུ་འབུམ་དུ་འཁྲུངས་པ་དང་། ཉེ་ལམ་སྤྱི་ཟླ་༡༡པའི་ཚེས་༡༨ཉིན་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་རྟེན་འབྲེལ་སྐབས། གྲྭ་ཚང་གི་འདུས་ཚོགས་སུ་མཆོད་འབུལ་རྒྱ་ཆེ་གནང་བར་ཡབ་གཞིས་སྐུ་འཁོར་སོགས་འབྲེལ་མང་པོ་བཅར་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།