རྒྱལ་ཁབ་དྲུག་ནས་ཨི་རན་གྱི་རྡུལ་ཕྲན་ལས་གཞིའི་ཐོག་གྲོས་མོལ།
2012.04.14
༄༅༎རེས་གཟའ་སྤེན་པའི་ཉིན་ ཏུར་ཀིའི་རྒྱལ་ས་ ཨིསི་ཏན་སྦཱུལ་དུ་ ཨི་རན་དང་འཛམ་གླིང་ནང་གི་རྡུལ་ཕྲན་མཚོན་ཆ་ཡོད་པའི་ཡུལ་གྲུ་ཁག་གི་དབར་ཨི་རན་གྱི་རྡུལ་ཕྲན་གྱི་ལས་གཞིའི་ཐོག་ནས་འཕྲད་བཞིན་པའི་དཀའ་རྙོག་སེལ་ཆེད་ཀྱི་ལྷན་ཚོགས་ཞིག་བྱས་ཡོད་ཅིང༌། འདི་ནི་ཕྱོགས་གཉིས་དབར་ཟླ་བ་བཅོ་ལྔའི་ནང་གྲོས་མོལ་བྱས་པ་ཐེངས་དང་པོ་དེ་ཡིན་པ་རེད།
འོན་ཀྱང་ཕྱོགས་གཉིས་དབར་ཕན་ཚུན་ཡིད་ཆེས་ཀྱི་མ་འདེངས་པ་དང༌། ཕན་ཚུན་ལབ་གླེང་མཁྲེགས་པོ་བྱེད་དགོས་པའི་རང་བཞིན་བཅས་ལ་བརྟེན་ནས་གྲོས་མོལ་གྱི་གྲུབ་འབྲས་གཟེངས་སུ་ཐོན་པ་ཞིག་འབྱུང་རྒྱུ་མིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
ཨི་རན་དང་གྲོས་མོལ་བྱེད་མཁན་གྱི་རྒྱལ་ཁབ་དྲུག་ནི། ཨ་མི་རི་ཀ་དང་ར་ཤི་ཡ། དབྱིན་ཡུལ། རྒྱ་ནག། ཕེརནསི་དང་ཇར་མན་བཅས་ཡིན་ཞིང༌། གྲོས་མོལ་གྱི་ལས་རིམ་ཐོག་བརྒྱུད་མངའ་ཡོད་པའི་ལས་བྱེད་པ་ཚོས་ཕེརནསི་གསར་ལས་ཁང་ལ་ གྲོས་མོལ་འདིའི་ཐོག་ནས་རེ་བ་ཆེ་ཤོས་དེ་འབྱུང་འགྱུར་གྱི་གཟའ་འཁོར་འགའ་ཤས་ནང་སླར་ཡང་ལྷན་འཛོམས་གནང་སྟེ་གནད་དོན་འགའ་ཤས་ཀྱི་ཐོག་ཞིབ་ཕྲའི་གྲོས་བསྡུར་བྱེད་རྒྱུར་མོས་མཐུན་འབྱུང་རྒྱུ་དེ་ཡིན་པ་བརྗོད་འདུག།
ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་སྤྱི་ཁྱབ་པ་ལྕམ་ཀེ་ཐེ་རིན་ཨེཤི་ཀྲོན་གྱིས་ གནས་སྟངས་གང་འདྲ་ཞིག་ཆགས་མིན་གཙོ་བོ་ནི་ ཨི་རན་གྱིས་བགྲོ་གླེང་མདུན་ལྕོག་སྟེང་སྐད་ཆ་ག་རེ་བཤད་མིན་ལ་རག་ལུས་པ་ཞིག་རེད་ཅེས་གསུངས་པ་དང༌། ཁོང་གི་མགྲིན་ཚབ་པས་ དེ་རིང་གི་ལྷན་ཚོགས་སྐབས་ཚང་མས་ཡར་རྒྱས་ཀྱི་ངོ་བོ་གསལ་པོ་ཞིག་ཐོན་ཐུབ་པ་བཟོ་རྒྱུར་འདོད་པ་ཡོད་པའི་རྣམ་འགྱུར་དང་བཅས་ཁོར་ཡུག་བཟང་པོ་ཞིག་གི་ཐོག་ནས་ཚོགས་འདུ་ཚུགས་ཡོད་པ་འགྲེལ་བརྗོད་གནང་འདུག།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིབ་རྟོག་པས་ཨི་རན་གྱི་རྡུལ་ཕྲན་ལས་འཆར་ཁག་མཚོན་ཆ་བཟོ་བའི་རང་བཞིན་ཐོག་ཁ་བསྒྱུར་བྱེད་ཐུབ་པའི་ནུས་པ་དང་ལྡན་པའི་སྙན་ཐོ་བཏོན་པའི་རྗེས་ ཨ་མི་རི་ཀ་དང་ཡོ་རོབ་མཐུན་ཚོགས་ནས་ཨི་རན་ཐོག་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཉེས་ཆད་ལྕི་པོ་བཀལ་བཞིན་ཡོད་པ་རེད།།