ཁྲིམས་མཐུན་གྱི་གཉེན་འཕྲད་ལ་ཁྲིམས་འགལ་གྱིས་བཙོན་འཇུག་བྱས་པར་སྐྱོན་བརྗོད།
2018.02.12
རྒྱ་ནག་གཞུང་གིས་བཀྲིས་ཆོས་དབྱིངས་ལགས་འཛིན་བཟུང་དང་ཁྲིམས་ཐག་གཅོད་སྟངས་དེ་རྒྱ་ནག་རང་གི་ཁྲིམས་དང་འགལ་བ་ཞིག་ཡིན་པའི་སྐྱོན་བརྗོད་བྱས་འདུག
དེ་ཡང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་རྒྱ་གར་ལྷོ་ཕྱོཊ་དགའ་ལྡན་དགོན་པའི་དགེ་འདུན་པ་བཀྲིས་ཆོས་དབྱིངས་ལགས་ཕྱིར་ཕ་ཡུལ་ཁམས་ཏྲེ་ཧོར་རྟའུ་ལ་གཉེན་འཕྲད་དུ་ཕེབས་སྐབས། འཇུ་བཟུང་བྱེད་དགོས་པའི་རྒྱུ་མཚན་དང་གནས་ལུགས་གང་ཡང་གསལ་བཤད་མ་བྱས་པར། རི་བོང་བྱ་བླག་གིས་བཟུང་བ་ལྟར་ཁྲིམས་འགལ་གྱིས་འཇུ་བཟུང་བྱས་པ་མ་ཟད། ཁོང་འཇུ་བཟུང་བྱས་རྗེས་ས་གནས་གང་དུ་བཀག་ཉར་བྱས་ཡོད་པ་སོགས་ཁོང་གི་ནང་མིར་བཤད་མེད་པར་ལོ་གཅིག་ཙམ་གར་སོང་ཆ་མེད་དུ་གྱུར་རྗེས་ཁྲིམས་ལུགས་ཀྱི་གོ་རིམ་སོགས་གང་ཡང་མ་བརྒྱུད་པར་མི་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་པ་ནི་རྒྱ་ནག་རང་གི་ཁྲིམས་དང་འགལ་བ་ཞིག་ཡིན་པའི་སྐྱོན་བརྗོད་བྱས་འདུག མདོར་ན། ཁོང་ཐོག་མར་འཇུ་བཟུང་བྱས་པ་དང། བར་དུ་བཀག་ཉར་བྱས་པ། མཐའ་མ་མི་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་མ་བཅད་པའི་བར་གྱི་དུས་རིམ་དེའི་ནང་ཁོང་གིས་དྲང་བདེན་གྱི་གནས་ལུགས་འགྲེལ་བརྗོད་བྱེད་སའི་རང་དབང་ཅན་གྱི་ཁྲིམས་ཁང་ནང་ཁྲིམས་རྩོད་པ་གླས་ནས་བདེན་པ་དག་སྐྱེལ་བྱ་རྒྱུའི་རང་དབང་ལྟ་ཅི། ཐ་ན་གསལ་བཤད་ཙམ་ཡང་བྱེད་དབང་བྱུང་མེད་པ་གསལ་པོ་རེད། བཀྲིས་ཆོས་དབྱིངས་ལགས་ནི་རྒྱ་ནག་གཞུང་ཚབ་ཁང་གིས་ཁྲིམས་མཐུན་གྱི་ལམ་ཡིག་སྤྲད་ནས་ཕ་ཡུལ་ལ་གཉེན་འཕྲད་དུ་བསྐྱོད་པ་ཞིག་ཡིན་པར་བརྟེན། རྒྱ་ནག་གཞུང་གི་སྲིད་ཇུས་དང་ཁྲིམས་ལུགས་ཀྱི་འགྲོ་ལུགས་ཐོག་ནས་བལྟས་ན། གཉེན་འཕྲད་ཀྱི་ལམ་ཡིག་སྤྲོད་ཡུལ་གྱི་གང་ཟག་དེ་བདེ་འཇགས་ལྡན་པའི་ཐོག་ནས་གཉེན་འཕྲད་དུ་འགྲོ་བསྐྱོད་ཆོག་པར་ངོས་ལེན་བྱས་པ་ཞིག་ཡིན་པས། གང་ཟག་དེ་རྒྱ་ནག་གི་ས་མཚམས་བརྒལ་ནས་ཕྱིར་ལོག་མ་བྱས་པའི་བར་གྱི་དུས་ཚོད་དེའི་ནང་རྐྱེན་ངན་གོད་ཆག་དང་དཀའ་ངལ་གང་ཞིག་བྱུང་ཡང་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་ཁོང་གི་བདེ་འཇགས་ལ་འགན་ལེན་དགོས་པ་མ་ཟད། ཐ་ན་མཁར་དབང་རྒྱུ་ནོར་སོགས་ལའང་ཁྲིམས་ཐོག་ནས་འགན་སྲུང་བྱེད་དགོས་ཀྱི་ཡོད། ཡིན་ནའང། བཀྲིས་ཆོས་དབྱིངས་ལགས་ལ་ཁྲིམས་ཐག་བཅད་པའི་དོན་དངོས་ཀྱི་གནས་ཚུལ་འདིའི་ཐོག་ནས་བལྟས་ན། རྒྱ་ནག་གཞུང་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་གནས་སྡོད་བྱས་པའི་བོད་མི་རྣམས་རང་ཡུལ་ལ་གཉེན་འཕྲད་དུ་བསྐྱོད་ཆོག་པའི་ལམ་ཡིག་སྤྲད་ཀྱང། དེར་བདེ་འཇགས་ཇི་ཙམ་ཡོད་མེད་བཀྲིས་ཆོས་དབྱིངས་ཀྱི་གནས་ཚུལ་ལས་གསལ་པོ་རྟོགས་ཐུབ་ཅེས་སོཊ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་སྐྱོན་བརྗོད་བྱས་འདུག
དགེ་འདུན་པ་བཀྲིས་ཆོས་དབྱིངས་ལགས་སྤྱི་ལོ་ ༢༠༡༦ ལོའི་ལོ་མཇུག་ཏུ་ཕ་ཡུལ་ལ་གཉེན་འཕྲད་དུ་ཕེབས་སྐབས་འཛིན་བཟུང་བྱས་པ་དང་། ༢༠༡༧ལོའི་ཟླ་༡༡པའི་ནང་ཁོང་ལ་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་། ཁོང་གི་ནང་མི་ཚོར་ད་དུང་ཡང་ཁོང་འཛིན་བཟུང་དང་ཁྲིམས་ཐག་གཅོད་དགོས་དོན་སོཊ་བརྡ་ལན་གང་ཡང་འབྱོར་མེད་པ་རེད་འདུག
གསར་འགོད་པ་རྡོ་རྗེ་མཚོ།